འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་གཤིས་སྤྱི་བསྒྲགས་ལས་བོད་དུ་གནམ་གཤིས་དྲོ་རུ་དང་བཞའ་ཚན་ཆེ་རུ་སོང་བ་མངོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་《2016ལོའི་བོད་ཀྱི་དབྱར་ཁའི་གནམ་གཤིས་སྤྱི་བསྒྲགས་》ལས། བོད་དུ་གནམ་གཤིས་དྲོ་རུ་དང་བཞའ་ཚན་ཆེ་རུ་སོང་བ་མངོན་ཡོད།
         གནམ་གཤིས་སྤྱི་བསྒྲགས་ལས་མངོན་པར་གཞིགས་ན། འདི་ལོའི་དབྱར་ཁར་བོད་ཀྱི་ས་ཁུལ་མང་ཆེ་བར་དྲོད་ཚད་མཐོ་བ་དང་། ཆར་ཆུ་འབབ་ཚད་རྒྱུན་གཏན་ནམ་ཡང་ན་འབབ་མང་བ། ཉི་འོད་ཕོག་ཡུན་ཐུང་དུ་སོང་བ་བཅས་དང་། ས་ཚུགས་ཁག་གཅིག་གི་ཟླ་རེའི་ཆར་ཆུ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས་མང་ཤོས་སུ་སླེབས་པ། ཡར་ཀླུང་གཙང་པོའི་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་སོགས་རྫོང་དང་ཤང་ཁག་གཅིག་ལ་སེར་བ་དང་། ཆུ་ལོག་ཞོད་སྐྱོན། འདམ་རྡོའི་ཆུ་རུད། ཐོག་རྒྱག་པ་སོགས་ཀྱི་གནོད་འཚེ་ཕོག་ཡོད།
         གནམ་གཤིས་སྤྱི་བསྒྲགས་ལས་མངོན་དོན། 1981ལོ་ནས་2016ལོ་བར། བོད་ཀྱི་དབྱར་དུས་ཀྱི་ཆ་སྙོམས་དྲོད་ཚད་འཕར་བའི་རྣམ་པ་མངོན་པ་དང་ཆ་སྙོམས་ལོ་10རེར་དྲོད་ཚད་0.28℃མཐོ་རུ་ཕྱིན་པ་དང་། ཆར་ཆུ་འབབ་ཚད་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་ཆ་སྙོམས་ལོ་10རེར་ཧའོ་སྨི་8.3མང་དུ་ཕྱིན་པ། ཉི་འོད་ཕོག་ཡུན་ཐུང་དུ་འགྲོ་བའི་རྣམ་པ་མངོན་པ་དང་ཆ་སྙོམས་ལོ་10རེར་ཉི་འོད་ཕོག་ཡུན་ཆུ་ཚོད་13.1ཐུང་དུ་ཕྱིན་པ་བཅས་རེད།
         བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་འགན་འཁུར་བས་གྲངས་གཞི་དེ་དག་ལས་གནམ་གཤིས་དྲོ་རུ་དང་རླན་གཤེར་ཆེ་རུ་འགྲོ་ཚུལ་དང་དེའི་རྒྱུ་རྐྱེན་གཙོ་བོ་སྟེ། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེ་རེད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་ནས་མཚོ་བོད་ས་མཐོར་ཤུགས་རྐྱེན་ཕོག་མང་ཤོས་ཀྱི་ས་ཁུལ་གྲས་སུ་འགྱུར་བཞིན་ཡོད། སྔོན་ཆད་ལྷ་སར་མཚན་མོ་ཆར་པ་བབས་པ་དང་ཉིན་མོ་གནམ་དྭངས་ཀྱི་ཡོད། འོན་ཀྱང་ད་ཆ་ཉིན་ཤས་བསྟུད་མར་ཆར་པ་བབས་པ་དང་། སྔོན་ཆད་མི་རྣམས་ཀྱིས་དབྱར་ཁར་གྱོན་གོས་མཐུག་པོ་གྱོན་པ་དང་ད་ཆ་སྟོད་གོས་སྲབ་པོ་ལས་གྱོན་མཁན་མེད་ཅེས་བཤད་པ་རེད།
         རིགས་གཅིག་མཁས་ཅན་གྱིས་འཕྲེད་ཐིག་མཐོ་བ་དང་ས་བབ་མཐོ་བའི་ས་ཁུལ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་སོང་བའི་ཤུགས་རྐྱེན་དེ་བས་ཕོག་སླ་པོ་ཡོད། གནས་སྐབས་བོད་ཀྱི་གནམ་གཤིས་མིའི་རིགས་འཚོ་གནས་བྱ་རྒྱུར་ཧ་ཅང་འཚམ་པོར་གྱུར་བ་མ་ཟད། ཞིང་འབྲོག་ལས་ཐོན་སྐྱེད་ལའང་ཕན་ཐོགས་ཆེ་ཙམ་ཡོད་མོད། འོན་ཀྱང་འཁྱག་རོམ་ཞན་འགྱུར་དང་འཁྱགས་ས་ཞུར་བ་སོགས་ཀྱི་མཇུག་འབྲས་ངན་པ་མང་པོ་ཐོན་བཞིན་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།