འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཚད་མཐོའི་
    གདེང་འཇོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་ཚོགས་འདུ་རབ་དང་རིམ་པའི་ནང་ཞུགས་རྒྱུའི་སྔ་ནུབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཆེད་བསྐོས་དབང་ཆ་ཚང་མ་ཡོད་པའི་གཞུང་ཚབ་ཆེ་མོ་བ་ལིའུ་ཅེ་དབྱིས་《ཀྲུང་གོའི་ཇུས་གཞིར་ལེགས་སྐྱེས་ཕུལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་》ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་སྤེལ་བ་རེད།
         རྩོམ་ཡིག་ནང་ཟླ་9ཚེས་18ནས་21ཉིན་བར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་བསྐྱོད་དེ་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་ཚོགས་འདུ་རབ་དང་རིམ་པར་ཞུགས་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ནི་དེང་སྐབས་འཛམ་གླིང་ཐོག་མཚོན་བྱེད་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་ཤོས་ཀྱི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་ཞིང་། མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། འདི་ལོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་45འཁོར་བ་དང་ཏག་ཏག་འཁེལ་ཡོད། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་ལག་ལེན་པ་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ནུས་པ་དང་འགན་འཁྲིར་ཚད་མཐོའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
         རྩོམ་ཡིག་ནང་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་བསྟར་ཏེ་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་ཀྲུང་གོས“ལོ་བརྒྱའི་དམིགས་ཚད་”དང་པོ་ནས“ལོ་བརྒྱའི་དམིགས་ཚད་”གཉིས་པའི་ཕྱོགས་སུ་བསྐྱོད་རྒྱུའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་དེ་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་རྒྱུའི་ཕྱིའི་ཁོར་ཡུག་དང་འབྲེལ་བ་ཡོད་ལ། དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོ་ནི་འབྲེལ་ཡོད་གྲོས་གཞི་དོན་འཁྱོལ་བྱ་རྒྱུའི་འགོ་ཚུགས་ལོ་ཡིན། ཟླ་བ་དགུ་པའི་ཟླ་འགོར། ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་གཙོ་གཉེར་བྱས་ཏེ་འཕེལ་རྒྱས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྟོབས་ཤུགས་ཆེན་པོ་བསྣན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། ཕྱོགས་ཁག་གིས་ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་གཞི་བདེ་བླག་ངང་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་རེ་བ་ཟབ་མོ་བཅོལ་ཡོད།
         ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་གྱི་ལས་འཛིན་རྒྱལ་ཁབ་ནང་ཞི་བདེ་སྲུང་སྐྱོང་མི་སྣ་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་དང་ཞི་བདེ་སྲུང་སྐྱོང་གི་མ་དངུལ་གཏོང་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་ཡིན། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་གླེང་མོལ་དང་གྲོས་མོལ་བྱས་ནས་ཞི་བའི་ངང་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ཡང་སྲོལ་གཏོད་བྱས་ཡོད། དེང་སྐབས་འཛམ་གླིང་ད་དུང་ཞི་བདེ་མེད་པ་དང་། ས་ཁུལ་གྱི་བདེ་འཇགས་ཐད་དཀའ་ངལ་དང་འགྲན་སློང་གསར་པ་རབ་དང་རིམ་པ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་བློ་གྲོས་དང་ཇུས་གཞི་དེ་བས་མང་བ་བཏོན་ནས་ཞི་བདེ་དང་བརྟན་ལྷིང་གི་གོ་ལ་ཧྲིལ་པོའི་ཁྱིམ་གཞི་བསྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་འབོད་བྱེད་ཀྱི་ཡོད་ཅེས་ནན་བཤད་བྱས་ཡོད།
         རྩོམ་ཡིག་གི་མཇུག་ཏུ་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་གཏོད་ཚོགས་མིའི་རྒྱལ་ཁབ་དང་ཚོགས་གྲོན་འཇལ་མཁན་རྒྱལ་ཁབ་ཆེ་གྲས་གསུམ་པ་དེ་ཡིན། 1971ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདན་ཐོབ་སླར་གསོ་བྱུང་ཚུན། ཀྲུང་གོས་《མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་ལག་ལེན་ཧུར་ཐག་བསྟར་ཏེ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་མང་མཉམ་ལས་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བའི་དབུ་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང“ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཐེབས་རྩ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད་ཅེས་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།