འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་མི་རབས་གསུམ་གྱི་ཟླ་མཆོད་དུས་ཆེན་གྱི་དྲན་འཆར། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་73ལ་སླེབས་པའི་ཏུའུ་ཞོལ་ལན་ནི་མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་ཀན་ཧོ་ཐན་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་དྲན་པའི་མེ་ལོང་ངོས་སུ་བྱིས་དུས་ཀྱི་ཟླ་མཆོད་དུས་ཆེན་ནི་དྲན་གསོ་བྱེད་རིན་ཡོད་པའི་བྱ་བ་ཞིག་རེད།
         “སྐབས་དེ་དུས་མ་གཞི་ཆ་རྐྱེན་ཡག་པོ་མེད་རུང་། ཟླ་མཆོད་དུས་ཆེན་གོང་ཐོན་སྐྱེད་རུ་ཁག་གིས་ཁྱིམ་ཚང་སོ་སོར་ཟླ་མཆོད་བག་ལེབ་བཟོ་བྱེད་ལོ་དེ་རང་དུ་བཏགས་པའི་གྲོ་ཞིབ་ཁོང་ཚོར་སྤྲོད་ཀྱི་ཡོད། སྐབས་དེ་དུས་ཟླ་མཆོད་བག་ལེབ་ཚ་པོ་བཟའ་རྒྱུ་ནི་ཕྲུ་གུ་མང་པོ་ཞིག་གི་རེ་བ་ཆེ་ཤོས་ཡིན”ཞེས་ཏུའུ་ཞོལ་ལན་གྱིས་བཤད་བྱུང་།
         ཏུའུ་ཞོལ་ལན་ལ་ད་དུང་གཅུང་མོ་གསུམ་ཡོད་པ་དང་། སྐབས་དེ་དུས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་ཡོད། འོན་ཀྱང་རྒན་རབས་ཚོས་ཕྲུ་གུ་ཚོས་དུས་ཆེན་གྱི་སྤྲོ་སྣང་ཚོར་བ་བྱ་ཆེད། སྔ་ས་ནས་གྱོན་གོས་བཟོ་བཅོས་བརྒྱབ་སྟེ་གཙང་མ་བཀྲུས་རྗེས་ཟླ་མཆོད་དུས་ཆེན་སྐབས་གཡོགས་ཀྱི་ཡོད།
        “ང་རང་ཕྲུ་གུ་རྒན་ཤོས་ཡིན། ངའི་གཅུང་མོ་ཚོས་གྱོན་པའི་གྱོན་གོས་མང་ཆེ་བ་ནི་ང་ལ་ཆུང་དྲགས་པའི་གྱོན་གོས་བཟོ་བཅོས་བརྒྱབ་པ་ཤ་སྟག་རེད། ད་ཆ་བསམ་བློ་གཏོང་དུས། ཅ་ལག་དཀོན་པའི་ལོ་རབས་དེའི་དུས་སུ་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་ཚོ་འཚོ་བ་ལེགས་ཙམ་སྐྱེལ་ཆེད་དཀའ་བ་མང་དུ་མྱངས་ཡོད”ཅེས་བཤད་བྱུང་།
         ད་ཆ་ཏུའུ་ཞོལ་ལན་ནི་ནང་མི་བུ་ཕྲུག་འཛོམས་པའི་མི་ཞིག་ཡིན། ཁོ་མོས“ད་ཆ་འཚོ་བ་ལེགས་སུ་ཕྱིན་པ་དང་ཟླ་མཆོད་དུས་ཆེན་ནི་ནང་མི་ལྷན་འཛོམས་ཀྱི་གོ་སྐབས་ཤིག་ལགས་པས། ཕྲུ་གུ་ཚོ་དང་མང་ཙམ་མཉམ་འཛོམས་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།
         ལོ་54སླེབས་པའི་ལིའུ་ཧྥུའུ་ཀུའེ་ནི་མཚོ་སྔོན་ཞིང་ཆེན་གསེར་ཁོག་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་རྡོ་ལེན་ཤང་རྡོ་ལུང་གྲོང་ཚོའི་མི་ཡིན། ཟླ་མཆོད་དུས་ཆེན་སྐབས་ཁོང་ཚོ་ནང་མི་ཚོས་ད་དུང་ཟླ་བར་མཆོད་འབུལ་བྱེད་པའི་གོམས་སྲོལ་རྒྱུན་འཛིན་བྱེད་བཞིན་ཡོད།
         ཟླ་མཆོད་དུས་ཆེན་གྱི་མཚན་མོ། ལིའུ་ཧྥུའུ་ཀུའེ་ཡིས་རང་ཁྱིམ་གྱི་སྒོ་རའི་སྒྲོག་ཙེའི་ཐོག་ཡང་ལཱ་གཉིས་སྤར་ཏེ་རྒུན་འབྲུམ་དང་སེའུ་འབྲུ་སོགས་ཤིང་འབྲས་བསྒྲིགས་ཡོད། ཁོང་གིས་ད་དུང་རང་ཁྱིམ་ནས་བཟོས་པའི་མཚོ་སྔོན་གྱི་ཟླ་མཆོད་བག་ལེབ་ཆེན་པོ་ཡང་སྒྲོག་ཙེའི་དཀྱིལ་དུ་བཞག་ཡོད།
         “དེ་ཚོ་ཚང་མ་ཟླ་བར་མཆོད་འབུལ་བྱས་པ་ཞིག་ཡིན། ཆུང་དུས་ནས་མཛད་སྒོ་དེ་རིགས་ལ་ཕྲུ་གུ་ཚོས་ཡ་མཚན་ཆེན་པོ་བྱེད་ཀྱི་ཡོད། ངས་ཕྲུ་གུ་ཚོར་རྒྱུན་དུ་ནས་སྲོལ་རྒྱུན་གོམས་གཤིས་དེ་རིགས་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད”ཅེས་ལིའུ་ཧྥུའུ་ཀུའེ་ཡིས་བརྗོད་བྱུང་།
         མཚོ་སྔོན་ཞིང་ཆེན་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་ཀྲའོ་ཙུང་ཧྥུའུ་ཡིས“དུས་ཚོད་ལ་འཕོ་འགྱུར་ཇི་འདྲ་བྱུང་ཡང་ཟླ་གང་མཚན་མོར་ནང་མི་མཉམ་འཛོམས་བྱུང་ཚེ། དེ་ནི་ཀྲུང་གོ་བའི་ཇི་སྲིད་བར་གྱི་ཟླ་མཆོད་དུས་ཆེན་གྱི་བརྩེ་བ་ཡིན”ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།