འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་སྤྱི་ཚོགས་སྟོབས་ཤུགས་སྣོད་བཅུད་སྲུང་
    སྐྱོང་ནང་ཕྱོགས་ཡོངས་ནས་ཞུགས་རྒྱུའི་ཡིད་དབང་འགུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་སྤྱི་གླིང་ཁུལ་གྱི་དུད་ཚང་དབུལ་པོའི་ཁྲོད་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་འབྲོག་པ་འདེམས་རྒྱུ་དང་། དེ་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་ཤེས་བྱ་དང་ལག་རྩལ་དུས་ཚོད་ཁག་བགོས་ཀྱིས་འཆད་ཁྲིད་བྱ་རྒྱུ། སློབ་སྦྱོང་མཇུག་འགྲིལ་རྗེས་འབྲོག་པ་ཁྲི་གཅིག་ཙམ་ཡོད་པ་དག་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་སྲུང་སྐྱོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།
          མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཆགས་པའི་གཙང་གསུམ་ཆུ་འགོའི་ཁུལ་ནི་ཨེ་ཤེ་ཡའི་ཆུ་རྩ་གསོ་འཁྱོངས་ཁུལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། དེ་ནས་ཐོན་པའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་རང་རྒྱལ་གྱི་མངའ་ཁོངས་ས་ཆ་66%ཏུ་ཁྱབ་ཡོད། དུས་རབས་གོང་མའི་དུས་མཇུག་ཏུ་ཕྱུགས་རིགས་འཚོ་དྲགས་པ་དང་གནམ་གཤིས་འགྱུར་ལྡོག་བྱུང་བ་སོགས་ཀྱི་རྐྱེན་པས་གཙང་གསུམ་ཆུ་འགོའི་ཁུལ་གྱི་ན་ཁ་དང་། འདམ་ར། མཚོ་མཚེའུ་སོགས་ཉམས་འགོ་ཚུགས་པ་དང་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཡང་རྒྱུན་ཆད་མེད་པར་ཆུང་དུ་སོང་ནས་ཆུ་སྨད་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཡོད་པ་རེད།
          2015ལོར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་72ཡོད་པའི་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་གྱི་ས་ཁོངས་ཕྱེད་ཀ་ཙམ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་བཅུག་ནས་བབ་བསྟུན་རྣམ་པའི་སྣོད་བཅུད་སྲུང་སྐྱོང་ལས་དོན་སྤེལ་འགོ་བཙུགས་ཤིང་། འབྲོག་པ་ཁྲི་10ཙམ་རྩྭ་ཐང་ནས་སྔ་རྗེས་སུ་ཁ་གྱེས་པ་དང་། ཞིང་འབྲོག་པ་ཁྲི་70ལྷག་ཙམ་གྱིས་ཕྱུགས་རིགས་རང་འགུལ་ངང་བཤས་བཏང་སྟེ་ཉུང་དུ་བཏང་ཡོད་པ་རེད།
          ལོ་11རིང་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཉམས་ཚུལ་བཀག་འགོག་རགས་ཙམ་ཐུབ་མོད། འོན་ཏེ་མི་རབས་ནས་མི་རབས་བར་རྩྭ་ཆུར་བརྟེན་ནས་འཚོ་བའི་འབྲོག་པ་ཚོར་ཆ་མཚོན་ན། ཕྱུགས་རིགས་བཀག་སྡོམ་དང་ཕྱུགས་རིགས་ཉུང་འཕྲི་བྱས་རྗེས་ཁོང་ཚོའི་འཚོ་བར་དཀའ་ངལ་ཆེ་ཙམ་འཕྲད་ཡོད་པ་རེད།
          འདི་ལོའི་ཟླ་4ཚེས་13ཉིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་བཙུགས་ཤིང་། རྒྱལ་ཡོངས་ཀྱི་སྔོན་དུ་སྔར་བས་ཚན་རིག་དང་མཐུན་པ་དང་། ཞིབ་ཅིང་ཕྲ་བ། ནུས་པ་ལྡན་པ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་ལམ་སྲོལ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་མི་དང་རང་བྱུང་ཁམས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་12.31ཡོད་པ་དང་། ཁོངས་གཏོགས་སུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཁུལ་གསུམ་ཡོད་པ་དེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི་31%བཟུང་བ། སྤྱི་གླིང་ཁུལ་དུ་ཁྱོན་མི་འབོར་ཁྲི་6.15ཡོད་པ་རེད།
          “གསོ་སྦྱོང་དང་སྦྱོང་བརྡར་བྱས་པ་བརྒྱུད། འབྲོག་པ་ཚོས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་ཉིན་ལྟར་སྐོར་སྲུང་བྱེད་པར་སྐྱོད་པ་དང་། གཞོགས་འདེགས་རྣམ་པའི་ཐོག་ནས་ལྟ་སྐུལ་ཁྲིམས་འཛིན་བྱེད་པ། སྣོད་བཅུད་ལ་ལྟ་ཞིབ་ཚད་ལེན་བྱེད་པ། སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་འགན་རྦད་དེ་འཁུར་ཐུབ་ཀྱི་འདུག”ལི་ཞའོ་ནན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་སྤྱི་གླིང་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་2.4ཡི་ཁྲོད་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་འབྲོག་པ་སྔ་རྗེས་སུ་བདམས་ཏེ་ཁོང་ཚོར་སྣོད་བཅུད་ཤེས་བྱ་དང་ལག་རྩལ་འཆད་ཁྲིད་བྱ་རྒྱུ་དང་སློབ་སྦྱོང་མཇུག་འགྲིལ་རྗེས་སྤྱི་གླིང་དང་གདན་ཞུའི་གྲོས་མཐུན་ཡི་གེ་འཇོག་རྒྱུ་རེད། ལས་རྗེས་ཞིབ་དཔྱད་བྱས་རྗེས་འབྲོག་པ་ཚོར་ཟླ་བ་རེར་སྲིད་གཞུང་གིས་སྤྲོད་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་ཡོང་འབབ་སྒོར་1800ཐོབ་རྒྱུ་རེད་ཅེས་བཤད་པ་རེད།
          ལི་ཞའོ་ནན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ་ཞིག་ཡིན། འབྲོག་པ་ཕུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་པོ་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་རྒྱུ་དང་སྣོད་བཅུད་ཀྱི་ཕན་པ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
          གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་བ་དང་འཛུགས་སྐྲུན་བྱེད་རིང་། ས་གནས་ཁག་གི་ཁེ་ལས་སྤྱི་གླིང་ཁུལ་དུ་སྣོད་བཅུད་ཉམས་ལེན་དང་། སྐྱེ་ལྡན་ནུས་ཆེའི་ཕྱུགས་རིགས་གསོ་སྤེལ། ཁྱད་ལྡན་བཟའ་བཅའ། མི་རིགས་རིག་གནས། མི་རིགས་ལག་ཤེས་བཟོ་རྩལ་སོགས་ལྗང་མདོག་ཐོན་ལས་གཉེར་བར་ཡོང་ཆོག འོས་སྐུལ་གོ་རིམ་བརྒྱུད་སྤྱི་གླིང་གི་ཆོག་མཆན་ཐོབ་རྗེས་གཞི་ནས་སྐྱོད་ཆོག ཆོག་མཆན་ཐོབ་རྗེས་ཁེ་ལས་ཀྱིས་རྒྱུན་ལྡན་གྱི་གཉེར་སྐྱོང་ཕུད་བཟོ་གྲྭའི་ཁུལ་གྱི་སྣོད་བཅུད་བཅོས་སྐྱོང་སླར་གསོ་བྱ་རྒྱུ་དང་འབྲོག་པ་བསྡུས་ནས་ལས་ཞུགས་གསོ་སྦྱོང་བྱ་རྒྱུ་སོགས་ཀྱི་འོས་འགན་ཡང་འཁུར་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།