འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་ཐན་སྐྱོན་ཚབས་ཆེན་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་
    འཕྲལ་སྡོམ་ལག་བསྟར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་གྱི་ཆུ་ཚོད་15ཙམ་ལ། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་དང་དམངས་སྲིད་པུས་ཉེ་དུས་ཀན་སུའུ་ཡི་ཐན་སྐྱོན་ཚབས་ཆེན་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚོ་བའི་ཐད་དཀའ་ངལ་བཟོས་པར་དམིགས་ཏེ། རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་ལག་བསྟར་བྱེད་འགོ་ཚུགས་ནས། གནོད་འཚེ་ཕོག་ཁུལ་དུ་ལས་དོན་ཚོགས་ཆུང་བཏང་སྟེ་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། གནོད་འཚེ་ཕོག་མཁན་མང་ཚོགས་ལ་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་དང་ཁྲིད་སྟོན་བྱས་པ་རེད།
          ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་གི་སྙན་ཞུ་ལྟར་ན། འདི་ལོའི་དཔྱིད་ཀའི་ཚུན། ཀན་སུའུ་ཞིང་ཆེན་གྱི་ས་ཆ་ཁག་གཅིག་ཏུ་གནམ་གཤིས་ཚ་བ་ཆེ་བ་དང་ཆར་ཆུ་ཉུང་བ་དང་། ལྷག་པར་དུ་ཟླ་བ་བདུན་པའི་ཟླ་སྨད་ནས་བཟུང་། ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་རྒྱུན་གཏན་ལོ་ལས་ཏུའུ་1.7གྱིས་མཐོ་བ་དང་། དེའི་ནང་དབུས་ཤར་ས་ཁུལ་གྱི་དྲོད་ཚད་ཏུའུ་2ཀྱིས་མཐོ་བ་ཡོད་པས་ཉེ་བའི་ལོ་56རིང་གི་མཐོ་ཤོས་སུ་སླེབས་པ་དང་ཆར་པ་འབབ་ཚད་ཀྱང་ཉེ་བའི་ལོ་44རིང་གི་ཉུང་ཤོས་ཡིན་ཞིང་། ཏིང་ཤིས་དང་། ཐེན་ཧྲུའེ་བྱང་རྒྱུད། པའེ་དབྱིང་སོགས་སུ་ཆར་པ་འབབ་ཚད་བཅུ་ཆ་བརྒྱད་ཡན་ཉུང་དུ་ཕྱིན་ནས་ས་འོག་ཆུ་རྒྱུན་མཐུད་ངང་ཆག་པ་དང་ས་རྒྱུ་གས་ཤས་ཆེ་བ་སོགས་ཀྱི་སྣང་ཚུལ་ཐོན་པ་མ་ཟད། མ་རྨོས་ལོ་ཏོག་དང་ཞོག་ཁོག་སོགས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་ཆག་པ་དང་། ཐ་ན་འབྲུ་ཏོག་གཅིག་ཀྱང་བསྡུ་རྒྱུ་མེད་པ་དང་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ལ་དཀའ་ངལ་ཆེ་ཙམ་འཕྲད་པ་རེད། ཟླ་9ཚེས་6ཉིན་བར་བསྡོམས་རྩིས་བྱས་པར་གཞིགས་ན། ཐན་སྐྱོན་གྱིས་ཏིང་ཤིས་དང་། ལུང་ནན། ཐེན་ཧྲུའེ། ཕིང་ལེའང་། པའེ་དབྱིང་སོགས་གྲོང་ཁྱེར་(ཀྲོའུ)བཅུའི་རྫོང་(ཆུས)54ཡི་མི་ཁྲི་622.2ལ་གནོད་འཚེ་བཟོས་པ་དང་མི་ཁྲི་120.1ལ་འཚོ་བའི་ཐད་ཀྱི་རོགས་སྐྱོབ་བྱེད་དགོས་ཤིང་། ཞིང་ལས་སྐྱེ་དངོས་སྤྱི་ཆིང་977.2ལ་གནོད་འཚེ་ཕོག་པ་དང་ཕྱུགས་ཟོག་མགོ་གྲངས་ཁྲི་4.5ལ་འཐུང་ཆུའི་དཀའ་ངལ་སོགས་འཕྲད་པས། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་36.2ཟིན་པ་རེད།
          ཐན་སྐྱོན་ཚབས་ཆེན་ཕོག་རྗེས། ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཞིང་ཨུད་ཧྲུའུ་ཅི་ཝང་སན་ཡུན་དང་ཧྲེང་ཀྲང་ལིན་ཏོ་ཡིས་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་སྟེ། ནུས་ཤུགས་ཡོད་རྒུས་ཐན་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཧྲེང་ཀྲང་གཞོན་པ་དབྱང་ཙེ་ཤིང་གིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་གེགས་ཁུལ་དུ་བསྐྱོད་ནས་ཐན་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད། ཞིང་ཆེན་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་ཐིང་གིས་རིམ་པ་གསུམ་པའི་གེགས་སེལ་འཕྲལ་སྡོམ་ལག་བསྟར་བྱེད་འགོ་ཚུགས་ནས། ལས་དོན་ཚུགས་ཆུང་མང་པོ་པའེ་དབྱིང་དང་ཕིང་ལེའང་སོགས་ས་ཁུལ་དུ་གནོད་འཚེའི་གནས་ཚུལ་ཞིབ་དཔྱད་བྱེད་པར་བཏང་བ་མ་ཟད། ཐན་འགོག་རོགས་སྐྱོབ་མ་དངུལ་སྒོར་ཁྲི་2800བཏང་བ་དང་། ཏིང་ཤིས་དང་། ཕིང་ལེའང་། ཐེན་ཧྲུའེ། ཀན་ལྷོ་སོགས་གནོད་འཚེ་ཚབས་ཆེན་ཕོག་པའི་གྲོང་ཁྱེར་དང་ཀྲོའུ་ལ་ཐན་འགོག་རོགས་སྐྱོབ་མ་དངུལ་སྒོར་ཁྲི་2140བཏང་བའི་ཁར། ཆུ་སྐྱེལ་བ་དང་གནས་སྐབས་ཀྱི་ཆུ་མཁོ་འདོན་སྒྲིག་ཆས་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མང་ཚོགས་ཀྱི་གནས་སྐབས་ཆུ་སྤྱོད་དཀའ་ངལ་སེལ་རོགས་བྱས་པ་དང་། དུས་མཚུངས་ཐོན་སྐྱེད་རང་སྐྱོབ་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་ཞིང་ཆུ་དྲངས་ནས་མྱུ་གུ་སྲུང་བ་དང་མི་ཐབས་ཆར་འབེབས་སོགས་བྱེད་ཐབས་བརྒྱུད་ནས་གནོད་འཚེའི་གྱོང་གུན་གཅོག་གང་ཐུབ་བྱས་ཡོད། སྔོན་རྩིས་བྱས་པར་གཞིགས་ན། ཟླ་བ་དགུ་པར་ཀན་སུའུ་ཞིང་ཆེན་དུ་ཚ་དྲོད་ཆེ་བ་དང་ཆར་ཆུ་འབབ་ཉུང་བས་ཐན་པ་རྒྱུན་མཐུད་ངང་བསྟན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།