འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་
    བའི་ལོ་གསུམ་གྱི་འཆར་གཞི་ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་བདེ་ཆེན་ཀྲོའུ་མི་དམངས་སྲིད་གཞུང་དང་། ཡུན་ནན་ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་ཞིང་ལས་ཐིང་། ཞིང་ཆེན་ནགས་ལས་ཐིང་། ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་། ཡུན་ནན་ཞིང་ལས་སློབ་ཆེན། ལྷོ་ནུབ་ནགས་ལས་སློབ་ཆེན། ཞིང་ཆེན་ཞིང་ལས་ཚན་རིག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཆུ་བེད་ཐིང་སོགས་ཚན་པ་15ཡིས་རྒྱབ་སྐྱོར་བྱས་པའི“ཡུན་ནན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཞེས་པའི་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་སྤེལ་འགོ་ཚུགས་ཤིང་། ཡུན་ནན་ཞིང་ཆེན་ཞིང་ལས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་དང་། གྲུབ་འབྲས། སྒྲིག་གཞི་བཅས་བདེ་ཆེན་བོད་རིགས་ས་ཁུལ་དུ་གཅིག་འདུས་བྱ་རྒྱུ་རེད།
         བདེ་ཆེན་བོད་རིགས་ས་ཁུལ་འདི་ཉིད“གཙང་གསུམ་གཅིག་འདུས”ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དུ་ཆགས་པ་དང་། ཡུན་ནན་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་ཡིན་ལ་སྣོད་བཅུད་ཞིང་ལས་དང་། ཁྱད་ལྡན་ཞིང་ལས། དེང་རབས་ཞིང་ལས་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ས་ཁུལ་ཞིག་ཀྱང་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཡུན་ནན་ཞིང་ཆེན་གྱིས་2016ལོ་ནས་2018ལོའི་བར་གྱི་《ཡུན་ནན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་》བཏོན་ཡོད། འཆར་གཞི་དེས་བདེ་ཆེན་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ལས་དང་། ཞབས་ཞུ་རྣམ་པའི་ཞིང་ལས་ཚན་རྩལ་འཇོན་ཐང་ཅན་གསོ་སྐྱོང་། ཚན་རྩལ་རྣམ་པའི་ཁེ་ལས་སྐྱེད་སྲིང་དང་ས་ཁོངས་འཕེལ་རྒྱས་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་སོགས་ལ་གཙོ་གནད་ཐོག་དམིགས་ཏེ་ལེགས་ལྡན་ཞིང་ལས་ཐོན་ལས་སྐྱེད་སྲིང་དང་། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས་བདེ་ཐང་ཐོན་ལས་གསར་གཏོད། དྲ་སྦྲེལ+ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ཚན་རྩལ་ལ་བརྟེན་ནས་སྣོད་བཅུད་བཟང་བའི་བདེ་ཆེན་སྐྲུན་རྒྱུར་འདེགས་སྐྱོར། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་བྱེད་པོ་སྐྱེད་སྲིང་། གསར་གཏོད་ལས་གཏོད་ཀྱི་གཞི་རྟེན་དང་རྟེན་གཞི་འཛུགས་སྐྲུན། ཚན་རྩལ་རྣམ་པའི་འཇོན་ཐང་ཅན་གསོ་སྐྱོང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཚན་རྩལ་གནད་སྨིན་དབུལ་སྐྱོར་བྱ་སྤྱོད། ཞིང་འབྲོག་པའི་ཚན་རིག་བྱང་ཚད་མཐོར་གཏོང་སོགས་བོད་རིགས་ས་ཁུལ་དུ་ཞིང་ལས་ཚན་རྩལ་ཆེ་ཁག་བཅུ་ཁྱབ་གདལ་གཏོང་བའི་འདུ་འགོད་ལག་ལེན་བསྟར་རྒྱུ་དང་། ཁེ་ལས་དང་། ཞིང་ནང་། སློབ་གྲྭ དགོན་སྡེ། བོད་རིགས་དུད་ཚང་བཅས་སུ་ཚན་རྩལ་ཁྱབ་གདལ་གཏོང་བའི“ཁྱབ་གདལ་ལྔ”དང་ཚན་རྩལ་རྣམ་པའི་ཁེ་ལས་དང་། ཚན་རིག་ཞིབ་འཇུག་ལས་སྟེགས། ཚན་རྩལ་གྲུབ་འབྲས། ཚན་རྩལ་འཇོན་ཐང་ཅན་དང་ཚོགས་པ། ཚན་རྩལ་རྣམ་གྲངས་སོགས“དོན་འཁྱོལ་ལྔ”ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད་ཡུན་ནན་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་རང་བརྟེན་གསར་གཏོད་ནུས་པ་དང་ས་ཁོངས་རྒྱུན་བསྲིང་འཕེལ་རྒྱས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་འགྲོ་རྒྱུ་དང་། བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་མཐུན་སྒྲིལ་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གདོང་ལེན་པ། ཤར་རྒྱུད་བོད་རིགས་ས་ཁུལ་གྱི་འགྱེད་འཕྲོའི་ལྟེ་གནས་བཅས་ལ་བསྐྲུན་ཐུབ་རྒྱུའི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུ་རེད།
          སླད་ཕྱིན་ལོ་3ནང་ཡུན་ནན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པས་བདེ་ཆེན་ཀྲོའུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། བདེ་ཆེན་ཀྲོའུ་ཡི་ཞིང་ལས་འཕེལ་རྒྱས་དགོས་མཁོར་གཞིགས་ཏེ་འདེབས་འཛུགས་དང་། འབྲོག་ལས། ནཌ་ལས་བཅས་ཀྱི་ཚན་རྩལ་རིགས་གཅིག་མཁས་པའི་ཞབས་ཞུའི་ཚོགས་པ་གྲོང་ཚོ་དང་ཤང་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས་བདེ་ཆེན་དུ་གྲུབ་འབྲས་ཁག་གཅིག་གཞན་སྒྱུར་དང་། ལས་སྟེགས་ཁག་གཅིག་འཛུགས་པ། གྲོང་གསེབ་ཀྱི་འཇོན་ཐང་ཅན་ཁག་གཅིག་གསོ་སྦྱོང་བཅས་བྱ་རྒྱུ་དང་ཆབས་ཅིག“བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་དེང་རབས་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་ས་ཚིགས”ལག་ལེན་བསྟར་བ་བརྒྱུད་བོད་རིགས་ས་ཁུལ་དུ་ཚན་རྩལ་ཁྱབ་གདལ་གཏོང་བའི“མཐའ་མའི་འགག་གནད”ཐག་གཅོད་ཐུབ་ནས་བོད་རིགས་ས་ཁུལ་གྱི་ཞིང་ནང་དང་མུ་ཁར་ཚན་རྩལ་གྲུབ་འབྲས་ཀྱི་འབྲས་བུ་སྨིན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།