འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་ཤར་རླུང་ནེ་པ་ལའི“ཀྲུང་གོའི་གྲོང”དུ་ལྡང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་གྲོང་དབུས་སུ་ཡོད་པའི་ཐེ་རྨིའར་ཞེས་པའི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་ཀྱི་གུ་དོག་པའི་སྲང་ལམ་ནས་སྐྱོད་སྐབས་ཀྲུང་གོའི་ཀུང་སི་དང་། ཚོང་ཁང་། ཟ་ཁང་སོགས་ལས་གྲུབ་པའི“ཀྲུང་གོའི་གྲོང”ཞིག་བརྗིད་ཉམས་ཆེན་པོར་གནས་པ་མཐོང་བྱུང་། ན་ནིང“4·25”ས་ཡོམ་ཆེན་པོ་བརྒྱབ་ནས་སྔོན་མའི་འཁྲུག་ཆ་དོད་པའི་གནས་དེ་ཐོར་ཞིག་ཏུ་སོང་མོད། འོན་ཀྱང་ད་ཆ་སྐྱོ་སྣང་རྦད་དེ་བསངས་པའི“ཀྲུང་གོའི་གྲོང”དེས“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་ལ་བརྟེན་ནས་སྔོན་མའི་འཁྲུག་ཆ་དོད་པའི་རྣམ་པ་བསྐྱར་དུ་ཐོན་རྒྱུའི་རེ་བ་ཆེན་པོ་འཆང་བཞིན་ཡོད།
          ཐེ་རྨིའར་དུ་ཡང་སྙིང་ཀྲུང་གོའི་ཚོང་དུད་ག་ཚོད་ཡོད་དམ་ཞེས་དྲིས་པས། ཐེ་རྨིའར་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་མུའུ་ཡིས་ཚོད་དཔག་བྱས་ན་ཚོང་དུད་50ལྷག་ཙམ་ཡོད་ཅེས་བཤད། དེའི་ཐད་ཅེ་ཁྲེང་ཟོག་འདྲེན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེན་ཅུན་ལ་ལྟ་ཚུལ་མི་འདྲ་བ་ཞིག་ཡོད། ཁོང་གིས་ངས་བྱས་ན་ཀྲུང་གོའི་ཚོང་ཁང་དང་། ཟ་ཁང་། ཀུང་སི་ལ་སོགས་1000ཙམ་ཡོད་ཅེས་བཤད། 2006ལོ་ནས་ནེ་པ་ལར་ཚོང་རྒྱག་འགོ་ཚུགས་པའི་ཀོང་ཤིས་ཀྱི་སྐྱེས་པ་ཁོང་གིས་མིག་སྔར་ཀུང་སི་4གཉེར་སྐྱོང་བྱེད་པ་དང་ལས་སྒོའི་ཁོངས་སུ་ཡུལ་སྐོར་དང་། མགྲོན་ཁང་། ཟོག་འདྲེན། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བཅས་བཞི་ཡོད་པ་རེད།
          “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་ཁྲེན་ཅུན་གྱིས་སྤྲོ་བ་འཕེལ་བཞིན་དུ“འདི་ལོའི་ཟླ་བ་གསུམ་པར་ནེ་པ་ལའི་ཙུང་ལི་ཨའོ་ལི་ཀྲུང་གོར་འཚམས་འདྲིར་ཕེབས་རྗེས་ཚོང་གཉེར་གོ་སྐབས་འཚོལ་བར་ཡོང་མཁན་ཀྲུང་གོ་བ་མངོན་གསལ་དོད་པོས་མང་དུ་ཕྱིན་སོང”ཞེས་དང་ཁོང་གིས“ད་ཆ་གནད་དོན་གཙོ་བོ་ཞིག་ནི་རྒྱལ་ཁབ་གཉིས་པོའི་དབར་གྱི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་དེ་རེད་འདུག མཁའ་འགྲུལ་ཀུང་སིའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཤུགས་ཆུང་བའི་ཁར་ཟོག་འདྲེན་ཐད་དབོར་ཚད་ཀྱི་ཚོད་བཀག་མང་པོ་ཡོད་སྟབས་ཀྲུང་གོར་དངོས་ཟོག་བསྐུར་བར་སྐྱོད་རིམ་བཞིན་གནམ་གྲུ་ཐང་དུ་བང་ཉིན་འགའ་ཞིག་སྒྲིག་དགོས་འདུག”ཅེས་བཤད་བྱུང་།
           འགྲིམ་འགྲུལ་སྟབས་བདེ་པོ་མེད་པར་ཆ་མཚོན་ན། ཐེ་རྨིའར་ཀ་རྡུ་མགྲོན་ཁང་དང་པོའི་སྦྱིན་བདག་ཧྥན་ལགས་ལ་མྱོང་བ་ཟབ་མོ་ཡོད་པ་རེད། 2015ལོའི་ཟླ་བ་བཅུ་པར་ཀྲུང་གོའི་སྐྱིད་གྲོང་ནས་ནེ་པ་ལའི་ལཱ་སུའུ་ཝ་ཡི་ཕྱོགས་གཉིས་ཀྱི་འགག་སྒོ་ས་ཡོམ་བརྒྱབ་རྗེས་སླར་གསོ་བྱུང་ནས་སྒོ་ཕྱེ་མ་ཐག་ཁོང་གིས་སྒྲིག་འཛུགས་བྱས་པའི“མྱུར་སྐྱོད་རླངས་འཁོར་རུ་ཁག”གིས“འགྲུལ་པ་སྐྱེལ་འདྲེན”བྱེད་འགོ་བཙུགས་པ་རེད།
          སྦྱིན་བདག་ཧྥན་ལགས་ཀྱི་རླངས་འཁོར་རུ་ཁག་གིས་འགྲུལ་པ་སྐྱིད་གྲོང་ནས་ཀ་ཏ་མན་རྡུ་བར་སྐྱེལ་འདྲེན་བྱེད་པ་དང་ལམ་དེར་ཁྱོན་རིང་ཚད་སྤྱི་ལེ་100ལྷག་ཙམ་ཡོད། སྦྱིན་བདག་ཧྥན་ལགས་ཀྱིས་ཁ་ལོ་བ་ཚོར་སྐྱེལ་འདྲེན་རུ་ཁག་ཏུ་ཞུགས་འདོད་ན་ངེས་པར་དུ་ཁ་ལོ་བའི་ལག་རྩལ་རྩེ་གྲ་ཞིག་དགོས་པ་མ་ཟད། ད་དུང་སྐྱོན་མེད་པའི་བྱེས་བགྲོད་རླངས་འཁོར་ཞིག་ཀྱང་དགོས་པའི་རེ་བ་བཏོན་ཡོད་པ་རེད།
            མིག་སྔར་རླངས་འཁོར་རུ་ཁག་དེར་ཧ་ལམ་རླངས་འཁོར་60ཙམ་ཡོད་རུང་སྦྱིན་བདག་ཧྥན་ལགས་ཀྱིས་བཅར་འདྲི་བྱེད་རིང་ལམ་བདེ་པོ་གཏན་ནས་མེད་པས་ད་ཆ་སྐྱིད་གྲོང་འགག་སྒོ་ནས་ཕྱིར་ལོག་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཉུང་དུ་འགྲོ་གི་འདུག ངའི་རླངས་འཁོར་རུ་ཁག་གིས་དེ་གོང་ཕྱོགས་རེ་ནས་ཡུལ་སྐོར་བ་400སྐྱེལ་འདྲེན་བྱེད་ཀྱི་ཡོད། ཡིན་ནའང་ད་ལྟ་ཉིན་ལྟར་སྐྱིད་གྲོང་འགག་སྒོ་ནས་བསུ་སྐྱེལ་བྱེད་པའི་འགྲུལ་པ་100ལྷག་ཙམ་ལས་ཟིན་གྱི་མི་འདུག་ཅེས་བཤད་བྱུང་།
          སྦྱིན་བདག་ཧྥན་ལགས་ཀྱིས་ང་དང་དེ་བཞིན་ལས་རིགས་གཅིག་པ་ཡིན་པའི་ཀྲུང་གོ་བ་མང་པོ་ཞིག་གི་རེ་བ་ཆེ་ཤོས་ནི་རྒྱལ་ཁབ་གཉིས་པོས་གེགས་རྗེས་བསྐྱར་སྐྲུན་གྱི་གོ་སྐབས་དང“རྒྱུད་གཅིག་ལམ་གཅིག”གི་ཤར་རླུང་ལ་བརྟེན་ནས་བོད་དང་ནེ་པ་ལ་གཉིས་སྦྲེལ་མཐུད་བྱེད་པའི་གཞུང་ལམ་ཨ་མ་གཉིས་ཉམས་གསོ་དང་གསར་སྐྲུན་བྱ་རྒྱུ་དང་བོད་ཀྱི་གཞིས་རྩེའི་ལྕགས་ལམ་ཀ་ཏ་མན་རྡུ་བར་དུ་འཁྲིད་རྒྱུ་དེ་ཡིན་ཞེས་བཤད་བྱུང་།
         དེ་དང་ཕྱོགས་མཚུངས་སུ་ཐེ་རྨིའར་དུ་རིག་གནས་ཀྱི་ཚོང་རྒྱག་མཁན་ཀྲུང་གོ་བ་རིམ་བཞིན་མང་དུ་འགྲོ་ཞིང་། ལོ་26ལ་སླེབས་པའི་ཤིས་ཨན་གྱི་གཞོན་ནུ་མ་ལི་ཉེན་ཁྲེན་གྱི་ཆེད་ལས་ནི་ཕྱི་ཕྱོགས་རྒྱ་ཡིག་སློབ་ཁྲིད་རེད། 2014ལོར་ཀ་ཏ་མན་རྡུ་རུ་བསྐྱོད་རྗེས་ཁོང་གིས་ས་གནས་དེ་གར་རྒྱ་ཡིག་སྦྱོང་འདོད་བྱེད་མཁན་མང་པོ་ཡོད་ཀྱང་རྒྱ་ཡིག་སློབ་ཁྲིད་སྒྲིག་གཞི་གསུམ་རང་ལས་མེད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
           གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ལི་ཉེན་ཁྲེན་གྱིས་སྔ་རྗེས་སུ་མི་དམངས་ཤོག་སྒོར་ཁྲི་15བཏང་ནས་ཀུང་སི་ཐོ་འགོད་བྱས་པ་དང་འབྲེལ་ས་ཆ་གཡར་ནས་ཐེ་རྨིའར་དུ་རྒྱ་ཡིག་གསོ་སྦྱོང་སློབ་གྲྭ་ཞིག་བཙུགས་ཡོད་པ་རེད།
           མིག་སྔར་ཁོང་གི་སློབ་གྲྭས་འཛིན་གྲྭ་10རུ་དུས་གཅིག་ལ་སློབ་ཚན་ཁྲིད་པ་དང་སློབ་མ་མང་ཆེ་བ་ནི་ཀྲུང་གོ་དང་ཚོང་རྒྱག་འདོད་ཆེ་བའི་ནེ་པ་ལའི་ཚོང་པ་དང་ཡུལ་སྐོར་ལས་རིགས་སུ་ཞུགས་པའི་མི་སྣ་སོགས་རེད། དེ་གོང་ད་དུང་འབྲུག་ཡུལ་དང་། རྒྱ་གར། ཨོ་སི་ཁྲུ་ལི་ཡ་སོགས་ཀྱི་སློབ་མ་མི་ཉུང་བ་ཞིག་ཀྱང་ཁོང་གི་སློབ་གྲྭར་ཡོང་ནས་རྒྱ་ཡིག་སྦྱོང་མྱོང་ཡོད་པ་རེད།
            ཐེ་རྨིའར་གྱི་ཉེ་འཁོར་དུ་ཡོད་པའི་ཤིན་ཀྲེ་ཐུའུ་ནེ་པ་ལའི་གཞུང་ཕྱོགས་དཔེ་སྐྲུན་ཁང་གིས་ཀྱང་ད་བར་དུ་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། འགན་ཁུར་བ་ཤང་ཕིང་ཡུང་གིས་གསར་འགོད་པར་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭ་བཙུགས་པའི་དམིགས་ཡུལ་ནི་གཞུང་ཕྱོགས་དཔེ་སྐྲུན་ཁང་དེ་ཉིད་རིག་གནས་སྤེལ་རེས་ཀྱི་སྟེགས་བུ་ཞིག་ཏུ་བསྒྱུར་ནས་ཀྲུང་གོའི་རིག་གནས་ནེ་པ་ལ་བས་ཤེས་རྟོགས་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་བ་བྱ་རྒྱུ་དང་ནེ་པ་ལར་ཀྲུང་གོའི་རིག་གནས་དར་ཁྱབ་ཡོང་རྒྱུའི་ཆེད་དུ་ཡིན། ཀྲུང་ནེའི་དབར་སྤེལ་རེས་གཏིང་ཟབ་བྱུང་བ་དང་ཆབས་ཅིག་ནེ་པ་ལར་ཡུལ་སྐོར་བྱེད་པ་དང་། ཚོང་རྒྱག་པ། འཚོ་བ་སྐྱེལ་བར་ཡོང་མཁན་བཅས་ཀྲུང་གོ་བ་ཇེ་མང་དུ་འགྲོ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།