འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་ཕོ་རྒོད་སྟོབས་རྒྱལ་ལགས། འཛམ་གླིང་རྒྱུག་རྩལ་འགྲན་རར་ཞུགས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “བོད་ལྗོངས་ཀྱི་ལུས་རྩལ་པ་ཞིག་གི་ངོས་ནས་ལི་གཡོད་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་བྱུང་བ་དེ་སྤོབས་སེམས་སྐྱེ་འོས་པ་ཞིག་འདུག ངས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་བོད་ཀྱི་གཞོན་ནུའི་ཉམས་བཟང་མངོན་གང་ཐུབ་བྱས་པ་ཡིན” པེ་ཅིང་གི་དུས་ཚོད་ཚེས་21ཉིན་གྱི་དགོང་མོ། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ནས་ཡིན་པའི་རྒྱང་རྒྱུག་ལུས་རྩལ་པ་སྟོབས་རྒྱལ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་ལ་ཞུགས་པ་རེད།
         སྟོབས་རྒྱལ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་རར་ཞུགས་མཁན་བོད་ཀྱི་ཕོ་གསར་དང་པོ་དེ་ཡིན་ལ། ལོ་རྒྱུས་ཐོག་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་བོད་ཀྱི་ལུས་རྩལ་པ་ཨང་གཉིས་པ་དེའང་ཡིན།
         1994ལོར་སྟོབས་རྒྱལ་དར་རྒྱས་ཤང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁྱིམ་ལས་གཙོ་བོ་ནི་ས་ཞིང་རྨོ་འདེབས་དང་ཕྱུགས་འཚོ་རྒྱུ་དེ་རེད། སློབ་གྲྭ་འབྲིང་ཆུང་གི་དུས་མཚམས་སུ་ཁོ་པས་ལུས་རྩལ་འགྲན་བསྡུར་ནང་རྟག་ཏུ་ཨང་དང་པོ་བླངས་ནས་ལུས་རྩལ་གྱི་ཁྱད་ཆོས་དེ་མངོན། 2009ལོར་སྟོབས་རྒྱལ་ལ་ལུས་རྩལ་སློབ་གྲྭར་ཚད་ལྡན་ལུས་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་དང་། 2012ལོར་ཆེད་ལས་ལུས་རྩལ་པའི་དཔུང་ཁག་ནང་བཅུག 2011ལོར་ལྷ་ས་རྒྱལ་སྤྱིའི་ལམ་ཕྱེད་མ་ལ་སུང་ནང་ཨང་དང་པོ་བླངས་ཚུན། ཁོ་པས་རྒྱལ་ཁབ་ཕྱི་ནང་གི་འགྲན་རར་གསེར་གྱི་རྟགས་མ་8དང་། དངུལ་གྱི་རྟགས་མ་2ཟངས་ཀྱི་རྟགས་མ་5བཅས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་བཏོད་ཡོད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་སུན་ཡུང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི“ས་མཐོའི་ཤེས་ལྡན་པའི་གསར་སྤེལ་འཆར་གཞིའི”རོགས་སྐྱོར་འོག་སྟོབས་རྒྱལ་ཉེ་བའི་ལོ་གསུམ་རིང་ཨེ་ཙེ་ཨོ་ཕི་ཡར་ནང་སྦྱོང་བྱས་པ་དང་ས་མཐོའི་ཁོར་ཡུག་དང་ནང་སྦྱོང་ཁོར་ཡུག་ལས་ཕན་པ་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད།
         སྟོབས་རྒྱལ་གྱིས“ཁོང་ཚོ་དང་མཉམ་དུ་ནང་སྦྱོང་བྱེད་རིང་རང་ཉིད་ལ་སྒུལ་ཤུགས་ཆེན་པོ་ཐེབས་ཀྱི་འདུག བོད་ཀྱི་ས་བབ་ཧ་ཅང་མཐོ་བས་ནང་སྦྱོང་ཁོར་ཡུག་གནས་དེ་ལས་ཡག་པ་མེད”ཅེས་བཤད། ཨེ་ཙེ་ཨོ་ཕི་ཡར་སྟོབས་རྒྱལ་གྱིས་ཐ་ན་རྡི་པ་པ་སོགས་འཛམ་གླིང་གི་ཨང་དང་པོ་དང་མཉམ་དུ་ནང་སྦྱོང་བྱས། འཛམ་གླིང་གི་རྩེར་སོན་ལུས་རྩལ་པ་དང་ཕན་ཚུན་གླེང་མོ་དང་སྤེལ་རེས་བྱུང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་སྟོབས་རྒྱལ་མིང་གྲལ་དུ་མ་ཚུད་ཀྱང་རང་ཉིད་ཀྱི་གྲུབ་འབྲས་ལེགས་ཤོས་འདོན་ཐུབ་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།