འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐོག་མ་ཟླ་རྗེས་མར་མཚོ་སྔོན་ནས་གཏོང་འགོ་
    ཚུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟི་ལིང་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་ཆེད། ཚོང་དོན་དང་། འགག་སྒོ བརྟག་དཔྱད་དང་ནད་ཡམས་ཞིབ་བཤེར། ཀྲུང་གོ་ལྕགས་ལམ་དོས་སྒམ་ཀུང་སི་སོགས་སྡེ་ཚན་གྱིས་གྲ་སྒྲིག་ཧུར་ཐག་བྱས་པ་བརྒྱུད། ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐོག་མ་ཟླ་9ཚེས་8ཉིན་དངོས་སུ་མཚོ་སྔོན་ནས་གཏོང་འགོ་ཚུགས་ཏེ་བོད་རུམ་དང་སྐྱེ་ལྡན་འདྲེ་ཚེར་མ་བླུགས་པའི་དོས་སྒམ་50ཙམ་ཉིན་12བརྒྱུད་ཡོ་རོབ་ཀྱི་ཁྲོམ་རར་འདོན་རྒྱུ་རེད། ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་པ་མཚོན་གྱི་ཡོད།
         ཞིང་ཆེན་ཚོང་དོན་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དུས་གཏན་མེ་འཁོར་ནང་དོས་སྒམ་50ཙམ་བླུགས་པ་ཚང་མ་འགག་སྒོ་དང་། ཚོང་ཟོག་ཞིབ་བཤེར། ཁྲལ་དོན། ཚོང་དོན། ཀྲུང་གོ་ལྕགས་ལམ་དོས་སྒམ་ཀུང་སི། ཧི་མ་ལ་ཡ་ཀུང་སི་སོགས་ཚན་པ་9ཡིས་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དང་། དོས་སྒམ་ནང་གཙོ་བོ་མཚོ་སྔོན་གྱི་ཁྱད་ལྡན་བོད་རུམ་དང་སྐྱེ་ལྡན་འདྲེ་ཚེར་མ་བླུགས་ཡོད། མཚོ་སྔོན་གྱིས་གནས་དེའི་ཕུན་སུམ་ཚོགས་པའི་བ་ཕྱུགས་དང་བལ་གྱི་ཐོན་ཁུངས་ལ་བརྟེན་ནས་འཛམ་གླིང་བལ་གྱི་ས་གདན་བཟོ་སྐྲུན་ལྟེ་གནས་དང་རྒྱལ་སྤྱིའི་བོད་རུམ་ཐོན་སྐྱེད་བསྡུ་འགྲེམས་ལྟེ་གནས་བཙུགས་པས་མཚོ་སྔོན་འདི་ཉིད་ཀྲུང་གོའི་བོད་རུམ་ཐོན་སྐྱེད་དང་ཕྱིར་གཏོང་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་གྱི་ཚྭ་འདམ་གཤོངས་ས་ཀྲུང་གོའི་སྐྱེ་ལྡན་འདྲེ་ཚེར་མ་ཐོན་སྐྱེད་དང་ཕྱིར་གཏོང་རྟེན་གཞི་གལ་ཆེན་དུ་གྱུར་ཡོད།
         ད་ཐེངས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཟོག་འགྲེམས་གཉེར་སྐྱོང་གི་ལས་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་དོས་སྒམ་སྐྱེལ་འདྲེན་གྱི་འགན་འཁུར་བས་དུས་གཏན་མེ་འཁོར་དེ་ཟླ་9ཚེས་8ཉིན་ནས་བཟུང་ཟི་ལིང་ཧྲོང་ཀྲའེ་ཟོག་འགྲེམས་ལྟེ་གནས་ནས་ཐོན་ཏེ། ཀན་སུའུ་དང་ཨ་ལ་ཧྲན་ཁོའོ་རྒྱལ་མཚམས་ལས་བརྒལ་ནས་ཧ་སག་སི་ཐན་དང་། ཨུ་རུ་སུ། པེ་ཨུ་རུ་སུ། ཕོ་ལན། འཇར་མན་བཅས་བརྒྱུད་མཐར་པེར་ཀྲེམ་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཨན་ཐེ་ཝུའེ་ཕུའུ་རུ་འབྱོར་རྒྱུ་དང་། ལམ་བར་དུ་རྒྱལ་ཁབ་དྲུག་བརྒྱུད་རྒྱུ་ཡིན་ཞིང་། སྤྱིའི་ལམ་ཐག་རིང་ཚད་སྤྱི་ལེ་9838ལྷག་ཙམ་ཡོད་པ་ལས་རྒྱལ་ནང་དུ་སྤྱི་ལེ་2644དང་རྒྱལ་ཕྱིར་སྤྱི་ལེ་7194ཡོད་པ་རེད། སྐྱེལ་འདྲེན་ཉིན་12འགོར་བ་དེས་མཚོ་ཐོག་སྐྱེལ་འདྲེན་ལས་ཉུང་མཐར་ཡང་ཉིན་40ཡིས་ཐུང་དུ་ཕྱིན་པས་ཡོ་རོབ་དང་ཨེ་ཤེ་ཡའི་ལྕགས་ལམ་བགྲོད་ལམ་ཆེན་མོའི་བདེ་འཇགས་དང་། སྟབས་བདེ། ལྗང་མདོག ནུས་ཆེ་བཅས་ཀྱི་སྐྱེལ་འདྲེན་ལེགས་ཆ་གང་ལེགས་མངོན་རྒྱུ་དང་། དུས་གཏན་མེ་འཁོར་གྱིས“ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར”ཞེས་པའི་གཅིག་གྱུར་མཚོན་རྟགས་གསར་རྐྱང་བཀོད་པའི་སྤུས་རྟགས་ཀྱི་ལྕགས་ལམ་ཆེད་སྤྱོད་དོས་སྒམ་ཡོངས་སུ་གཏོང་འདྲེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།