འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ནི་ཀྲེ་རི་ཡའི་ཨ་ཁ་ལྕགས་ལམ་ཐོག་ཀྲུང་གོའི་མེ་འཁོར་ནང་ཚོད་སྡོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་གྱི་སྔ་དྲོ་གསར་འགོད་པ་ཀྲུང་གོ་ཤིང་ས་ལས་གྲྭ་ཚོགས་པའི་ནི་ཀྲེ་རི་ཡ་ཀུང་སིའི་ལས་བཟོ་དང་མཉམ་དུ་ནི་ཀྲེ་རི་ཡའི་ཨ་པུ་ཅ་ནས་ཁ་ཏུའུ་ན་བར་གྱི་ལྕགས་ལམ་ཐོག་ཀྲུང་གོའི་མེ་འཁོར་ནང་ཚོད་སྡོད་བྱས་པས་ཚོར་སྣང་ཧ་ཅང་སྐྱིད་པོ་འདུག དེ་ནི་ཀྲུང་གོའི་ལག་རྩལ་སྤྱད་པ་དང་ཀྲུང་གོའི་ཚད་གཞི་སྤྱད་པའི་དེང་རབས་ཅན་གྱི་ནི་ཀྲེ་རི་ཡའི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་། མེ་འཁོར་གྱི་མགོའང་ཀྲུང་གོ་ནས་དབོར་ཡོང་བ་ཞིག་རེད།
         སྔ་དྲོའི་ཆུ་ཚོད་9པར་མེ་འཁོར་རྒྱལ་ས་ཨ་པུ་ཅ་གྲོང་འདབས་ཀྱི་དབྱི་ཏུའུ་མེ་འཁོར་བབས་ཚུགས་ནས་དུས་ཐོག་ཏུ་ཐོན་འགོ་ཚུགས། ཨ་ཁ་ལྕགས་ལམ་དེ་ཨ་པུ་ཅ་ནས་དབུས་རྒྱུད་གྲོང་ཁྱེར་ཁ་ཏུའུ་ན་བར་བསྐྱོད་པ་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་180ལྷག་ཙམ་ཡོད་པ་དང་། ཉིན་དེར་ལམ་བུ་ཧྲིལ་པོའི་དབུས་རྒྱུད་དུ་ཚོད་སྡོད་བྱས་པ་ཁོ་ན་རེད།
         འཁོར་སྒྲོམ་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་མཁའ་རླུང་སྙོམས་སྒྲིག་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད། མེ་འཁོར་ནང་གི་བརྙན་ཤེལ་ནང་འགུལ་རིས་གློག་བརྙན་《དོམ་ཁྲ་དྲག་རྩལ་ཅན་》ཞེས་པ་བསྟན་གྱི་འདུག ངོ་སྤྲོད་བྱས་པར་གཞིགས་ན། ཨ་ཧྥེ་རི་ཁ་བའི་གཟུགས་སྟོབས་ཆེ་བའི་ཁྱད་ཆོས་དང་འཚམ་ཆེད་ཀྲུང་གོས་བཟོས་པའི་འཁོར་སྒྲོམ་5ཡི་རྐུབ་སྟེགས་སོ་སོའི་དབར་ཆེད་མངགས་སྟོང་ཆ་ཆེ་རུ་བཏང་ཡོད།
         ཀྲུང་གོ་ཤིང་ས་ལས་གྲྭ་ཚོགས་པའི་ནི་ཀྲེ་རི་ཡ་ཀུང་སིའི་བཟོ་རྩལ་ཆེ་མོ་བ་ཉི་ཝ་ཙོ་ཅེ་ཡིས་ཉིན་དེར་ཆེད་མངགས་བཟའ་ཟླ་འཁྲིད་དེ་མེ་འཁོར་དེའི་ནང་ཚོད་སྡོད་བྱས་པ་རེད། ནི་ཀྲེ་རི་ཡའི་ཤར་བྱང་རྒྱུད་ཀྱི་ཨ་ཟླ་མ་ཝ་ཀྲོའུ་ནས་ཡོང་བའི་ལོ་61ལ་སོན་པའི་བགྲེས་སོང་དེས་རང་ཉིད་རྒྱལ་ནང་དུ་མེ་འཁོར་སྡོད་མྱོང་བ་དེ་ལོ་20ཡི་གོང་དུ་ཡིན་པ་དང་། སྐབས་དེ་དུས་དབྱིན་ཇི་བས་བཟོས་པའི་ལྕགས་ལམ་ལམ་ཐིག་ཕྲ་མོ་དེ་ཡིན་པས་ནི་ཀྲེ་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ལ་ཀེ་སི་ནས་ཨའོ་གཡོད་ཀྲོའུ་ཡི་དབྱི་པ་ཏན་བར་གྱི་ལྕགས་ལམ་ལམ་ཐིག་སྤྱི་ལེ་120ཡི་ཐོག་ཆུ་ཚོད་གཉིས་ལྷག་ཙམ་འགོར་བ་མ་ཟད། འཛེར་སྒྲ་ཆེ་ལ་མེ་འཁོར་ནང་མཁའ་རླུང་སྙོམས་སྒྲིག་ཡོ་བྱད་ཀྱང་མེད་སྟབས་ཚ་བ་ཧ་ཅང་ཆེན་པོ་འདུག་ཅེས་བཤད།
         ཁོང་གིས་མེ་འཁོར་འདིའི་ནང་སྲུབ་ཀ་མེད་པའི་ལྕགས་སྒྲོམ་སྤྱད་པ་མ་ཟད། འཛེར་སྒྲ་གང་ཡང་མེད་པས་ཁ་ཁུ་ཧ་ཅང་སིམ་པོ་ཡོད་སྟབས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།
         ཉི་ཝ་ཙོ་ཅེ་ཡིས་ད་ཆ་ནི་ཚོད་གཏོང་སྐབས་ཡིན་པས་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80ལས་གཏོང་གི་མེད། རྗེས་སུ་དངོས་སུ་གཏོང་འགོ་ཚུགས་རྗེས་ཆུ་ཚོད་རེར་སྤྱི་ལེ་120གཏོང་རྒྱུ་རེད། མེ་འཁོར་ནང་འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་150ཡིན་པ་རེད་ཅེས་བཤད།
         ཀྲུང་གོ་ཤིང་ས་ལས་གྲྭ་ཚོགས་པའི་ནི་ཀྲེ་རི་ཡ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡའོ་ཧེང་པིན་གྱིས་ཨ་ཁ་ལྕགས་ལམ་ཟླ་7པར་དངོས་སུ་གཏོང་འགོ་ཚུགས་རྗེས་ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་ལ་དུས་ཡུན་ལོ་གཅིག་གི་ལག་རྩལ་དང་དོ་དམ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ཚོད་གཏོང་མ་བྱས་གོང་ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་ལ་ལག་རྩལ་པ་100ལྷག་ཙམ་གསོ་སྦྱོང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།