འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་90%ལ་ཉེ་བའི་ལས་ཐོག་ཉེས་གསོག་གི་གྱོད་གཞི་མང་ཚོགས་ཀྱིས་
    ཐེར་འདོན་བྱས་པ་ཤ་སྟག་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་རྒྱལ་ཡོངས་ཀྱི་ཐེར་འདོན་དྲིལ་བསྒྲགས་གཟའ་འཁོར་གྱི་འབྲེལ་ཡོད་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཐེར་འདོན་བྱ་རྒྱུ་དེ་ལས་ཐོག་ཉེས་གསོག་རྩད་གཅོད་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་པ་དང་། ཞིང་ཆེན་དེའི་90%ལ་ཉེ་བའི་ལས་ཐོག་ཉེས་གསོག་གྱོད་གཞི་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་ཤ་སྟག་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་གསར་འགྱུར་མགྲིན་ཚབ་པ་དབྱང་ཧྲུའུ་ཕིང་གིས་ཐེར་འདོན་བྱ་རྒྱུ་ནི་ད་ཆ་ལས་ཐོག་ཉེས་གསོག་གི་གྱོད་གཞི་ཤེས་རྟོགས་དང་རྩད་གཅོད་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཅིང་། ཐེར་འདོན་བྱེད་པ་སོགས་ལ་བརྟེན་ནས་མཚོ་སྔོན་གྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཐོག་ཉེས་གསོག་གི་གྱོད་གཞི་རྩད་གཅོད་བྱེད་པའི་ལས་ཀ་ཟམ་མི་ཆད་པར་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་ལ་དམིགས་ནས་མི་མང་པོ་དང་འབྲེལ་བ་དང་ལས་རིགས་ནང་གི་རུལ་སུངས་དང་དེ་བཞིན་མང་ཚོགས་ཀྱི་ཉེ་འགྲམ་ནས་ཐོན་ཞིང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ལས་ཐོག་ཉེས་གསོག་ལ་ཆད་པ་གཅོད་པའི་ཆེད་དོན་ལས་ཀ་གཅིག་སྡུད་ཐོག་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅེས་བཤད།
         རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་བ་བརྒྱུད། མཚོ་སྔོན་གྱི་ལས་ཐོག་ཉེས་གསོག་གི་གྱོད་གཞིའི་གྲངས་འབོར་མང་དུ་སོང་བ་དང་། ཞིབ་བཤེར་ཐག་གཅོད་བྱ་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། 2015ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་ཐོག་ཉེས་གསོག་གི་གྱོད་གཞིའི་གྲངས་འབོར་2014ལོའི་དུས་མཚུངས་ལས་10.7%མང་དུ་སོང་ནས་དེ་དང་འབྲེལ་བ་ཡོད་པའི་མི་9%མང་དུ་སོང་ཡོད། 2015ལོའི་མཚོ་སྔོན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་ཟ་དང་ལྐོག་རྔན་གྱི་གྱོད་གཞི་ཆེ་གྲས་121རྩད་གཅོད་བྱས་པ་དེ་2014ལོའི་དུས་མཚུངས་ལས་22.2%མང་དུ་སོང་བ་དང་། གྱོད་གཞི་གལ་ཆེན་དང་འབྲེལ་བ་ཡོད་པའི་མི་17རྩད་ཆོད་པ་དེ་2014ལོའི་དུས་མཚུངས་ལས་13.3%མང་བ་སོང་བའི་ནང་ཞིང་ཆེན་དང་པུའུ་རིམ་པའི་མི་1དང་ཐིང་རིམ་པའི་མི་4ཡོད་པ་རེད།
         དབྱང་ཧྲུའུ་ཕིང་གིས་མང་ཚོགས་ལ་ལས་ཐོག་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱ་རྒྱུར་ལྕག་སྐུལ་བཏང་ནས་ལས་ཐོག་ཉེས་གསོག་གི་གྱོད་གཞི་རྩད་གཅོད་ལས་ཀར་སྐུལ་མ་གཏོང་ཆེད། མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆེད་དུ་ལས་ཐོག་ཉེས་གསོག་ཐེར་འདོན་བྱེད་མཁན་ལ་སྲུང་སྐྱོབ་དང་བྱ་དགའ་སྤྲོད་པའི་བྱ་ཐབས་བཟོས་ཡོད། བྱ་ཐབས་དེ་དག་གིས་མཚོ་སྔོན་ས་གནས་ཁག་གི་མང་ཚོགས་ཀྱི་ཐེར་འདོན་བྱེད་སེམས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།