འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས་འགན་འཁྲིའི་ཡི་གེ་ཁག་ཁྲི་1.62བཞག་སྟེ་དབུལ་སྒྲོལ་འགག་སྒྲོལ་
    བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀུའེ་ཀྲོའུ་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་གལ་ཆེ་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀུའེ་ཀྲོའུ་ཡིས་དབུལ་སྒྲོལ་འགག་སྒྲོལ“དམངས་འཚོའི་འདུ་འགོད་ཨང་དང་པོ”དང་དོན་ཆེན་གཙོ་བོར་བརྩིས་ཤིང་།“འགོ་འཛུགས་ནི་ཐག་གཅོད་དམག་འཐབ་ཡིན་པས། གོམ་པ་སྤོས་མ་ཐག་མཐའ་མའི་གདོང་མཆོང་བྱེད་པའི”ཡིད་ཆེས་དང་བྱ་སྤྱོད་དངོས་ནས་འགན་འཁྲིའི་ཡི་གེ་བཞག་སྟེ་དབུལ་སྒྲོལ་འཆར་གཞི་བཟོས་ནས་སླར་ཡང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་པ་རེད།
         དབུལ་སྒྲོལ་འཆར་གཞི་འདིང་བ་དང་ལག་བསྟར་ལ་ལྟ་སྐུལ་བྱས་ཏེ་གནས་སྤོས་ཀྱི་དཀའ་གནད་ཆེ་ཤོས་དེ་སེལ་ཐུབ་པ་བྱས་པ།
         “ས་ཆ་དེ་རྫོང་གྲོང་ནས་བར་ཐག་སྤྱི་ལེ་4ལས་མེད་པ་དང་ཁང་པ་སྐྲུན་བཞིན་ཡོད་ཅིང་། དེའི་གམ་དུ་ཞིང་ཆེན་རིམ་པའི་ཞིང་ལས་གླིང་ཡོད་པས། གནས་སྤོས་ཡུལ་མི་དུད་ཚང་རེར་ཆ་སྙོམས་ཁམ་སྡོང་མུའུ་1རེ་ཡོད་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ཝུའུ་ལིང་རི་ཁུལ་གྱི་ལྟེ་གནས་ཀུའེ་ཀྲོའུ་ཞིང་ཆེན་ཅང་ཁའུ་རྫོང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་གི་ཨར་པོ་རྒྱག་ཡུལ་དུ་དབུལ་སྐྱོར་གནས་སྤོས་ཀྱི་སྐོར་གླེང་སྐབས། ཅང་ཁའུ་རྫོང་ཁའེ་ཏེ་ཁྲོམ་གཞུང་གཞུང་དོན་ཁྲུའུ་ཡི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲུའུ་ཡུས་ཀྱིས་བཤད།
         ཐུང་རེན་གྲོང་ཁྱེར་ཆུ་མཛོད་དང་སྣོད་བཅུད་གནས་སྤོས་ཡུལ་མི་ཅུས་ཀྱི་ཅུས་ཀྲང་ཧོང་ཧུང་ཀྲོའུ་ཡིས་ཐུང་རེན་གྲོང་ཁྱེར་གྱིས“ཚང་མས་ཤོག་བུ་དཀར་པོའི་སྟེང་དུ་ཡི་གེ་ནག་པོ་བྲིས་ནས་འགན་འཁྲིའི་ཡི་གེ་བཞག་སྟེ་དབུལ་སྒྲོལ་འཆར་གཞི་ཞིབ་ཚགས་བཟོས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལག་བསྟར་བྱེད་ཀྱི་ཡོད”དབུལ་སྒྲོལ་འཆར་གཞི་ཞིབ་ཚགས་བཟོས་ནས་བཀོད་སྒྲིག་བྱ་ཡུལ་ཚང་མའི་ས་བབ་དང་། གནས་སྤོས་དུད་གྲངས། གནས་སྤོས་མི་གྲངས་བཅས་ཚང་མ་ས་བཀྲའི་སྟེང་དུ་བཀོད་དེ་ལས་འགན་སྐུལ་འདེད་ཀྱི་དུས་ཚོད་རེའུ་མིག་དང་། ལས་འགན་མིང་ཐོ། ལམ་རིས་བཅས་གསལ་པོ་བཟོས་ཡོད་ཅེས་བཤད་པ་རེད།
         ཐུང་རེན་གྲོང་ཁྱེར་གྱི་བྱེད་ཐབས་དེ་ནི་ཀུའེ་ཀྲོའུ་ཡི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་འགག་སྒྲོལ་གྱི་བསྡུས་རིས་ཤིག་རེད།
         ལོ་མང་འབད་བརྩོན་བྱས་པ་བརྒྱུད། ཀུའེ་ཀྲོའུ་ཡི་གྲོང་གསེབ་ཀྱི་མི་དབུལ་པོ་2011ལོ་འགོའི་མི་ཁྲི་1149ནས་མིག་སྔའི་མི་ཁྲི་493བར་ཉུང་དུ་ཕྱིན་ཡོད། དེས་ན་ད་དུང་དབུལ་པོ་ཧ་ཅང་མང་པོ་ཞིག་རང་བྱུང་ཆ་རྐྱེན་ཞན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བའི་རི་ཁུལ་དང། མཐའ་མཚམས་རྒྱང་རིང་རི་ཁུལ་བཅས་སུ་གནས་ནས། དེ་དག་དབུལ་སྒྲོལ་གྱི་དཀའ་གནད་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
         དབུལ་སྒྲོལ་འགག་སྒྲོལ་གྱི་ཛ་དྲག་ཆེ་བའི་དུས་བབ་མདུན་དུ་ཀུའེ་ཀྲོའུ་ཡིས་རྒྱུན་སྲོལ་ལས་འདས་པའི་བྱེད་ཐབས་བཏོན་པ་སྟེ། 2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་ཏེ་མི་དབུལ་པོ་ཁྲི་130ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད།
         ཀུའེ་ཀྲོའུ་ཞིང་ཆེན་ཆུ་མཛོད་དང་སྣོད་བཅུད་གནས་སྤོས་ཡུལ་མི་ཅུས་ཀྱི་ཅུས་ཀྲང་ཝང་དབྱིང་ཀྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གནས་སྤོས་བྱ་ཡུལ་ཐད“ཕྱོགས་གཅིག་གིས་ས་ཆུས་ཕྱོགས་གཅིག་གི་མི་སྐྱོང་མི་ཐུབ་པའི”རང་བྱུང་གྲོང་ཚོར་དེ་བས་དམ་འཛིན་གྱིས་ཁྱོན་ཡོངས་གནས་སྤོ་བྱ་རྒྱུ་དེ་འབད་འཐབ་བྱ་ཡུལ་གཙོ་བོར་བརྩིས་ཏེ་བཀོད་སྒྲིག་བྱ་ཡུལ་གྱི་བཀོད་པའི་ཐད་གནས་སྤོས་ཡུལ་མིའི་ལས་ཞུགས་དང་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱས་ཐོག གནས་སྤོས་ཡུལ་མིར་ཐོན་ལས་དང་། ལས་ཞུགས། མདུན་ལམ་བཅས་ཡོད་པ་བྱ་རྒྱུ་རེད།
         དབུལ་སྒྲོལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྤྱི་འདོམས་བྱས་ཏེ“དབུལ་སྐྱོར་ཆེན་པོའི”རྣམ་པ་ཆགས་པར་བྱས་པ།
         ཀུའེ་ཀྲོའུ་ཞིང་ཆེན་གྱིས་སླད་ཕྱིན་ལོ་ལྔའི་ནང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི“ཞན་ཆ་གསབ་པའི”གོ་སྐབས་སྤྱོད་རྒྱུར་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་དང་རིག་སྟོབས་གཅིག་བསྡུས་ཀྱིས་གྲོང་གསེབ་ཀྱི་མི་དབུལ་སྒྲོལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་བཏོན་པ་རེད། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་གྱི“1+10”ཡི་ཡིག་ཆ་རབ་དང་རིམ་པ་བཟོས་པ་དང་སྦྲགས། ས་ཆ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་ཞིབ་སྲོལ་བཟོས་པས། “དབུལ་སྐྱོར་ཆེན་པོའི”རྣམ་པ་ཆགས་ཡོད།
         གསར་འགོད་པས་ཀུའེ་ཀྲོའུ་ཞིང་ཆེན་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། དེང་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི“ཐབས་མང་མཉམ་སྤྱོད”ཀྱི་ཕན་འབྲས་ཐོན་བཞིན་ཡོད་པ་སྟེ།
         ཐོན་སྐྱེད་དང་ལས་ཞུགས་དབུལ་སྐྱོར་ཐད། མ་དངུལ་སྒོར་དུང་ཕྱུར་33བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁྲི་2ལག་བསྟར་བྱས་པ་དང་། སློབ་གསོའི་དབུལ་སྐྱོར་ཐད། ཁག་དང་པོའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་4.98སྤྲད་པར་གྲོང་གསེབ་ཀྱི་སློབ་མ་དབུལ་པོ་ཁྲི་16.65ལ་རོགས་སྐྱོར་ཐོབ་པ། དངུལ་རྩའི་དབུལ་སྐྱོར་ཐད། དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་ཞིང་དུད་དབུལ་པོར་གྲངས་ཉུང་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་177ལྷག་ཙམ་ཟིན་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་40ལྷག་ཙམ་བཏང་བ་རེད།
         སྨན་བཅོས་སྐྱོབ་རོགས་དབུལ་སྐྱོར་ཐད། སྐྱིན་གསབ་འགྲོ་གྲོན་སྒོར་དུང་ཕྱུར་4.47བཏང་ནས་མི་ཐེངས་ཁྲི་23.55ལ“སྨན་བཅོས་འགན་ལེན་ཁག་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་། སྤྱི་ཚོགས་འགན་སྲུང་གི་མཐའ་འཁྱོངས་དབུལ་སྐྱོར་ཐད། མ་མཐའི་འཚོ་བ་འགན་ལེན་ཚད་གཞི་དང་དབུལ་སྐྱོར་ཚད་གཞི“ཁག་གཉིས་གཅིག་སྒྲིལ”ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། རོགས་སྐྱོར་བྱ་གཞི་མེད་པ་དང་དབུལ་སྒྲོལ་བྱེད་ནུས་མེད་པའི་མི་ཁྲི་158ལ་སྲིད་ཇུས་རང་བཞིན་གྱི་མཐའ་འཁྱོངས་འགན་ལེན་ལག་བསྟར་བྱས་པ་རེད།
         སྤྱི་ཚོགས་སྟོབས་ཤུགས་ཀྱིས་དབུལ་སྐྱོར་འགན་གཙང་ལེན་པའི་ཐད། རོགས་སྐྱོར་ཚན་པས་འགན་གཙང་ལེན་པའི་འགན་འཁྲི་གསལ་པོ་བཟོས་ཏེ། ཞིང་ཆེན་རིམ་པའི་ངོས་ནས་གྲོང་ཚོ་དབུལ་པོ་2500དང་། གྲོང་ཁྱེར་(ཀྲོའུ་)དང་རྫོང་རིམ་པ་ནས་གྲོང་ཚོ་དབུལ་པོ་6500འགན་གཙང་བླངས་པར། གྲོང་ཚོ་དབུལ་པོ་9000ལ“གཅིག་གིས་གཅིག་ལ་རོགས་སྐྱོར་བྱེད་པའི”དབུལ་སྐྱོར་འགན་གཙང་ལེན་པའི་བྱ་ཐབས་ཡོངས་ལ་ཁྱབ་ཡོད་པ་རེད།
         “གཙོ་བོ་ལྔ”དང“འགན་གཙང་ལྔ”ལག་ལེན་བསྟར་ནས་ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་བྱས་ཏེ“གཅིག་ཀྱང་མི་ལུས་པ”ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་འགན་ལེན་བྱས་པ།
         ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་མ་ཅང་རྫོང་ལུང་ཧྲན་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཝང་ཡུས་ལུའུ་ཡིས“ང་ཚོས་འགན་འཁྲིའི་ཡི་གེ་བཞག་ནས། 2018ལོར་སླེབས་སྐབས་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན” ལུང་ཧྲན་གྲོང་རྡལ་དུ་མེའོ་རིགས་དང་ཡའོ་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་80%ཡན་བཟུང་བ་དང་། མིག་སྔར་ད་དུང་མི་དབུལ་པོ་3400ལྷག་ཙམ་ཡོད་པས། ཤང་དང་གྲོང་ཚོའི་གཞི་རིམ་ལས་བྱེད་པར་གནོན་ཤུགས་ཆེན་པོ་ཡོད་ལ། ཡིད་ཆེས་དང་སྒུལ་ཤུགས་ཀྱིས་ཀྱང་ཁེངས་ནས། གཅིག་གིས་གཅིག་ལ་རོགས་རམ་བྱེད་པའི་འཆར་འགོད་ཀྱི་འཕེལ་རྒྱས་བསམ་ཕྱོགས་སྔར་བས་བརྟག་དཔྱད་མཐིལ་རྟོགས་བྱེད་བཞིན་ཡོད་ཅེས་བཤད།
         གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཚང་མ་དོན་ལ་འཁྱོལ་བའི་འགན་ལེན་བྱེད་ཆེད་ཀུའེ་ཀྲོའུ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་རིམ་པ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེ་ཁག་ཁྲི་1.62བཞག་པ་དང་། མིག་སྔར་རིམ་པ་བཞིན་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པ་ཁྲི་5ལྷག་ཙམ་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་གཅིག་བསྡུས་རེས་མོས་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།