འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཡར་ཀླུང་གཙང་པོའི་ལུང་གཞུང་དུ་བྱེ་ས་འཇགས་ནས་སྣོད་བཅུད་ཀྱི་ཕན་འབྲས་ཐོན་པ།
    ཡར་ཀླུང་གཙང་པོའི་ལུང་གཞུང་དུ་བྱེ་ས་འཇགས་ནས་སྣོད་བཅུད་ཀྱི་ཕན་འབྲས་ཐོན་པ།
         ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་ས་མཐོའི་སྣོད་བཅུད་སྟོབས་ཤུགས་གཅིག་སྡུད་བྱས་ནས་སྲུང་སྐྱོང་བྱས་ཤིང་། ཆུ་དྭངས་མ་དང་གནམ་སྔོན་པོའི་འོག་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་འབུར་དུ་ཐོན་བཞིན་ཡོད་པ་རེད།
         ཤིང་འཛུགས་བྱེ་འགོག
         དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱིས་བརྒྱན་པའི་ས་མཐོ།
         དཔྱིད་རླུང་དལ་གྱིས་ལྡང་ནས་ཡར་ཀླུང་གཙང་པོའི་ངོགས་སུ་སྐྱེ་སྟོབས་ཀྱི་དཔལ་འབར། ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་སྒང་སྣོད་བཅུད་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་ལས་བྲེལ་ཧ་ཅང་ཆེ་ཞིང་། དེར་བོད་རིགས་མང་ཚོགས་བརྒྱ་ཙམ་ས་དོང་འདྲུ་བ་དང་། ས་ཁོད་སྙོམས་པ། ཁྲོན་པ་འདྲུ་བ། ཆུ་རྫིང་ཉམས་གསོ་སོགས་ཀྱི་ལས་ཀར་ཞུགས་བཞིན་ཡོད་པ་རེད།
         “ལོ་བཅུ་གྲངས་གོང་དུ་ཐལ་རླུང་ཆེ་ཞིང་། ལྷག་པར་དུ་དཔྱིད་ཀ་དང་སྟོན་ཀ་ཤར་རིམ་བཞིན་ཐལ་རླུང་འཚུབ་ནས་མི་དང་ཕྱུགས་རིགས་རྣམས་ཕྱིར་དོན་ཐབས་བྲལ”ཞེས་ལོ་61ལ་སླེབས་པའི་ལུས་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་འཛར་བའི་ཚེ་བརྟན་བཀྲ་ཤིས་ཀྱིས་བཤད། ཁོང་གིས་གཞེས་ནིང་ལོར་ཤིང་འཛུགས་བྱེད་སྒོ་སྤེལ་བ་ནས་བཟུང་ཐལ་རླུང་ཉུང་དུ་སོང་འདུག དེ་གོང་སྤྱིར་ན་མཐོང་རྒྱུ་མེད་པའི་ཝ་མོ་དང་རི་བོང་ཡང་ད་ཆ་ཉུང་ཤས་མཐོང་རྒྱུ་འདུག་ཅེས་བཤད་བྱུང་།
         རང་བྱུང་ཆ་རྐྱེན་གྱིས་རྐྱེན་པས་གཞིས་རྩེའི་ལུང་གཞུང་ཁག་ཏུ་རྒྱུན་དུ་ཐལ་རླུང་ཆེན་པོ་ལྡང་གི་ཡོད། “ས་གནས་ས་ཐོག་གི་སྤྱི་ཁྱབ་བཀོད་འདོམས་པ”རྣམ་གླིང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་ཉེ་བའི་ལོ་གཉིས་རིང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1.8ལྷག་ཙམ་བྱས་པ་དང་། འདི་ལོ་ད་དུང་ཤིང་འཛུགས་ནགས་བཟོ་མུའུ་8300བྱ་རྒྱུ་ཡིན་ཞེས་བཤད་བྱུང་།
         རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཡར་ཀླུང་གཙང་པོ་དང་། ལྷ་ས་སྐྱིད་ཆུ། རྒྱལ་མོ་རྔུལ་ཆུ། མྱང་ཆུ། སེང་གེ་ཁ་འབབ། ཉང་ཆུ་བཅས་རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་ལས་གྲྭ་གཙོ་གནད་དུ་བཟུང་སྟེ་རྨོ་བསྐྱུར་ནགས་གསོ་དང་བྱེ་འགོག་བྱེ་བཅོས་སོགས་ནགས་ལས་གཙོ་གནད་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད་ལྗང་མདོག་དེ་ས་མཐོའི་ཚོས་མདོག་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
         སྐབས་བརྒྱད་པའི་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་གཙང་བཤེར་ལས་དོན་སྤེལ་བའི་གྲུབ་འབྲས་ཀྱི་ཐོག་ནས་མངོན་པར། བོད་ཀྱི་ནགས་ཚལ་རྒྱ་ཁྱོན་དང་། ནགས་ཚལ་གསོག་ཚད། གཙོ་གནད་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་སོགས་ཀྱི་ཚད་གཞི་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད།
         སྣོད་བཅུད་སྲུང་སྐྱོང་།
         བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བདེ་བ་ཅན་གྱི་ཞིང་ཁམས་བཏོད་པ།
         ཟླ་གསུམ་པར་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྣམ་ཀུན་བཞིན་ཁ་ཁུ་སིམ་པོར་གནས། གཙོད་མོ་ཁྱུ་དང་ཁྱུ་ཡིས་འཇིགས་སྣང་སྤུ་ཙམ་ཡང་མེད་པར་དལ་དལ་ལྷོད་ལྷོད་ཀྱིས་ཕར་འགྲོ་ཚུར་འོང་བྱེད་ཅིང་། དེ་ནས་སྤྱི་ལེ་འགའ་ཞིག་ས་རུ་ཡོད་པའི་སྲོག་ཆགས་སྲུང་སྐྱོང་པ་དང་སྤྱི་བདེའི་མི་སྣས་རྒྱང་ཤེལ་ལ་བརྟེན་ནས་གཙོད་དེ་དག་གི་མཐའ་འཁོར་དུ་གནས་ཚུལ་གང་ལྷག་མིན་ལྟ་ཞིབ་བྱེད་བཞིན་ཡོད། བྱང་ཐང་སྲུང་སྐྱོང་ཁུལ་མར་དབྱེར་སྲུང་སྐྱོང་ས་ཚིགས་ཀྱི་སྲོག་ཆགས་སྲུང་སྐྱོང་པ་ཚེ་རིང་ནོར་བུས་ད་ཆ་གཙོད་གནས་སྤོ་བྱེད་པའི་དུས་ཚིགས་སུ་སླེབས་མེད་ནའང་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་གྱིས་བདག་སྐྱོང་དང་སྐོར་སྐྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ཟླ་ལྔ་པར་གནས་སྤོ་ཆེ་མོ་བདེ་བླག་ཡོང་བ་བྱ་ཕྱིར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་བྱུང་།
         མིའི་རིགས་ཀྱིས་སྲུང་སྐྱོང་གང་ལེགས་བྱས་པ་ལས་ད་ཆ་གངས་ལྗོངས་ས་མཐོར་གཙོད་དང་། རྐྱང་། རྒོ་བ། འབྲོང་ལ་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གང་ས་གང་ནས་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་གསའ་དང་འབྲོང་གསེར་ཡང་མཐོང་རྒྱུ་ཡོད།
          བོད་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་125འཚོ་བ་དེས་རང་རྒྱལ་གྱི་གཙོ་གནད་སྲོག་ཆགས་བསྡོམས་གྲངས་ཀྱི་བཅུ་ཆ་གསུམ་ཡན་ཟིན་གྱི་ཡོད། ལྗོངས་ཡོངས་ཀྱི་ས་རྒྱ་བཅུ་ཆ་གསུམ་ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དག་ལ་སྲུང་སྐྱོང་ཡག་པོ་ཐུབ་ཡོད། བསྡོམས་རྩིས་ལྟར་ན། ལོ་20ཡི་རིང་གཙོད་ཁྲི་4ཙམ་ནས་ད་ལྟའི་ཁྲི་20ཙམ་བར་མང་དུ་སོང་ནས“འཇིགས་སྣང་ཕོག་པའི་སྲོག་ཆགས་རིགས”ཀྱི་ཞྭ་མོ་དངོས་སུ་ཕུད་པ་དང་། རྐྱང་ཁྲི་ཙམ་ནས་ད་ལྟའི་ཁྲི་8ལྷག་ཙམ་བར་མང་དུ་སོང་བ། སྤྲེལ་མགོ་ཁྲ་ཡང་1000ལྷག་ཙམ་བར་མང་དུ་སོང་བ་ལ་སོགས་རེད།
         ལྗང་མདོག་འཕེལ་རྒྱས།
         གངས་ལྗོངས་ཀྱི་དྭངས་གཙང་ནམ་ཡང་གནས་པར་བྱས་པ།
         ལོ་ལྟར་གྱི་དགུན་དཔྱིད་དུས་སུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གཅིག་ཏུ་སྨུག་རྡུལ་གནམ་གཤིས་བསྟན་ཚབས་ཆེ་རུང་འཛམ་གླིང་ཡང་རྩེར་ཆགས་པའི་བོད་དུ་གནམ་སྔོ་ལ་ཆུ་དྭངས་མར་གནས་ཡོད་། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ས་མཐོའི་ཤིན་ཏུ་དྭངས་པའི་གནམ་སྔོན་པོ་དང་ཆུ་དྭངས་མར་མི་གྲངས་ལས་འདས་པས་བསྔགས་བརྗོད་བྱས་ཡོད་པ་རེད།
         “བོད་དེ་གནམ་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་རེད་ལ་སྦགས་བཙོག་དང་ཐག་རིང་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད་འདུག”ཅེས་ཉེ་དུས་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་པེ་ཅིང་གི་ཡུལ་སྐོར་བ་ཝང་དབྱན་གྱིས་མྱོང་བ་ཟབ་མོས་བཤད།
         ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་གཉིས་གལ་ཆེ་མཉམ་འཇོག་བྱས་ཤིང་། ཀྲུང་དབྱང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྦྲགས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་ངོས་སུ་རིམ་སྤོར་བྱ་རྒྱུ་རེད། དེར་བརྟེན་རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་155བཏང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་སྲུང་སྐྱོང་ནང་སྤྱད་དེ་ས་མཐོའི་གནམ་སྔོན་པོ་དང་ཆུ་དྭངས་མ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
         ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས“ཁོར་ཡུག་འཛུགས་སྐྲུན་དེ་འཕེལ་རྒྱས་ཁྲོད་ཀྱི་མཐའ་ཚད་དང་། སྲོག་ཐིག གློག་ཆེན་བཅས་སུ་བརྩིས་ཏེ་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུར་སྲུང་སྐྱོང་དང‘འཛམ་གླིང་གི་དག་ཞིང་མཐའ་མ ’ སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་དགོས”ཞེས་བསྐྱར་བཤད་ཐེངས་མང་གནང་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱིས་གསར་སྤེལ་བྱ་རྒྱུ་གཏན་འགོག་དང་གསར་སྤེལ་བྱ་རྒྱུ་ཚོད་འཛིན་བྱེད་པའི་ས་རྒྱ་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་ཟིན་པ་དེས་ཧ་ལམ་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%བཟུང་བ་དང་ཧ་ལམ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱིས་གསར་སྤེལ་བྱ་རྒྱུ་གཏན་འགོག་དང་གསར་སྤེལ་བྱ་རྒྱུ་ཚོད་འཛིན་བྱེད་པའི་ས་རྒྱ་ཡི་ལྔ་ཆ་གཅིག་བཟུང་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོང་ཧུང་ཞང་གིས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱ་ཆེད། བོད་ཀྱིས་ངར་ལྕགས་དང་། བཙོ་སྦྱང་། རྫས་འགྱུར་བཟོ་ལས། ཤོག་བཟོ་སོགས་སྦགས་བཙོག་ཆེ་བའི་ཐོན་ལས་དེ་གར་འཕེལ་རྒྱས་གཏོང་རྒྱུ་གཏན་འགོག་བྱས་པ་དང་། “ནུས་རྒྱུ་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། འབུད་གཏོང་ཆེ་བ་བཅས་ཀྱི་རྣམ་གྲངས་ནང་འདྲེན་གཏན་ནས་བྱེད་མི་རུང”ཞེས་བཏོན་པ་མ་ཟད། ད་དུང་ཁོར་ཡུག་སྦགས་སྲིད་པའི་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་མཚམས་འཇོག་རྒྱུའམ་ཡང་ན་ཐོན་སྐྱེད་བྱེད་སྟངས་བསྒྱུར་རྒྱུའི་ལྕག་སྐུལ་ཡང་བྱས་ཡོད་ཅེས་གསུངས་པ་རེད།
          ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ནུས་ལྡན་བྱས་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་དེ་གདོད་མའི་རྣམ་པར་རྒྱུན་འཁྱོངས་ཐུབ་པ་བྱས་ཤིང་། གསར་དུ་ཁྱབ་བསྒྲགས་བྱས་པའི་ཀྲུང་གོ་ཚན་རིག་ཁང་གིས་ལྟ་ཞིབ་ཚད་ལེན་བྱས་པའི་ཞིབ་འཇུག་སྙན་ཞུ་ལས་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་གི་གྲུབ་ཆ་སྣ་ཚོགས་སྤྱིར་ན་བརྟན་པོ་བྱུང་བ་དང་། སྣོད་བཅུད་སྤུས་ཚད་བརྟན་པོའི་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ། ཆུ་དང་། མཁའ་རླུང་། འཛེར་སྒྲ། ས་རྒྱུ། ཁྱབ་འགྱེད། སྣོད་བཅུད་ཁོར་ཡུག་སྤུས་ཚད་བཅས་ལེགས་པོ་བྱུང་བ་མངོན་གྱི་ཡོད་པ་རེད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཐེན་ཧུའུ་དང་། ཝང་ཅུན། ཞུས་དབན་ཧུའུ་བཅས་ཀྱིས།༽
      

    ཕྱོགས་བསྡུས་གསར་འགྱུར།