འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་མི་རབས་གསུམ་གྱི་སློབ་གཉེར་འཕོ་འགྱུར་གླེང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཤར་ཕྱོགས་རི་བོའི་རྩེ་ནས་ཞོགས་པའི་ཉི་གཞོན་མཚོ་བོད་ས་མཐོའི་ཨ་ཆེན་གངས་རིའི་གཤམ་འོག་ཏུ་དལ་གྱིས་འཕྲོས་མཚམས་སུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་གི་ལོ་68ལ་སླེབས་པའི་བགྲེས་སོང་འབྲུག་སྟོབས་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས།
         འབྲུག་སྟོབས་ཀྱིས“ད་ཆ་ཕྲུ་གུ་བུ་བཅོལ་ཁང་དུ་འགྲོ་བར་ཡང་སློབ་ཡོན་དགོས་ཀྱི་མི་འདུག ངའི་ཚ་བོ་འདི་ལོའི་ཟླ་གསུམ་པར་བུ་བཅོལ་ཁང་དུ་བཏང་བ་ཡིན། ཉིན་བསུ་སྐྱེལ་བྱེད་ཀྱི་ཡོད”ཅེས་བཤད།
         འབྲུག་སྟོབས་ཀྱིས“ཕྲུ་གུ་བུ་བཅོལ་ཁང་ལ་དགའ་པོ་བྱེད་ཀྱི་འདུག ཉིན་ལྟར་ཕྱི་དྲོ་ཕྲུ་གུ་བསུ་བར་འགྲོ་དུས་ཁ་འབྲལ་མི་འདོད་པ་བྱེད་ཀྱི་འདུག”ཅེས་བཤད།
         ཕྲུ་གུ་ཚོ་དགའ་སྤྲོའི་ངང་རྩེད་འཇོར་རོལ་བ་མཐོང་སྐབས་དུས་རབས་ཕྱེད་ཀ་ལྷག་ཙམ་གོང་གི་རང་ཉིད་སློབ་གྲྭ་འགྲིམས་པའི་མྱོང་བ་མིག་ལམ་དུ་ལྷམ་མེར་འཆར་གྱི་འདུག་པས་ཚོར་སྣང་མང་པོ་ཞིག་ཡོང་གི་འདུག
         འབྲུག་སྟོབས་ཀྱིས“ང་ལོ་12ཟིན་སྐབས་གཞི་ནས་སློབ་གྲྭར་ཕྱིན་པ་ཡིན། ངའི་དྲན་ཤེས་ནང་བག་ཆགས་ཟབ་ཤོས་ནི་ཉིན་ལྟར་སློབ་གྲྭར་སྤྱི་ལེ་བཅུ་གྲངས་ཁ་ཤས་འགྲོ་དགོས་པ་མ་ཟད། ད་དུང་ཆུ་བོ་ཞིག་ཀྱང་སྒྲོལ་དགོས་པས་དབྱར་དུས་སུ་ཆུ་ཁ་སྤུས་མོར་སླེབས་ཀྱི་ཡོད། སྐབས་དེ་དུས་ཀྱི་སློབ་ཁང་ནི་ཧ་ཅང་སྟབས་བདེའི་ས་ཁང་ཤ་སྟག་ཡིན་པས་ཐིག་པ་རྒྱག་པ་དང་ཕྱོགས་བཞི་ནས་ལྷགས་པ་རྒྱག་གི་ཡོད། སློབ་མ་20ལྷག་ཙམ་ལ་སྒྲོག་ཙེ་དང་རྐུབ་སྟེགས་བཞི་ལྔ་ཙམ་ལས་མེད་པས་ཕྲུ་གུ་མང་ཆེ་བ་ས་སྟེང་དུ་བསྡད་དེ་སློབ་ཚན་ཉན་གྱི་ཡོད། དགུང་ཟས་སོ་སོའི་ཁྱིམ་ནས་འཁྱེར་བའི་མོག་མོག་ཆུ་གྲང་མོར་སྦང་སྟེ་ཟ་གི་ཡོད”ཅེས་དྲན་གསོ་བྱེད་བཞིན་དུ་བཤད།
         འབྲུག་སྟོབས་ཀྱིས“ངའི་དྲན་ཤེས་ནང་ད་དུང་བག་ཆགས་ཟབ་ཤོས་ཀྱི་དོན་དག་གཞན་ཞིག་ནི་སྐབས་དེ་དུས་འབྲི་དེབ་ཧ་ཅང་དཀོན་པས་ཕྲུ་གུ་ཚོས་ཉིན་ལྟར་ཞོགས་པ་ལུས་རྩལ་ཐང་གི་ས་སྟེང་དུ་རྡོས་སྨྱུ་གུ་བྱས་ཏེ་ཚིག་གསར་ངག་བྲིས་ཐེངས་མང་བྱེད་ཀྱི་ཡོད། ད་ཆ་གནས་ཚུལ་དེ་དག་ཡིད་ལ་འཁོར་སྐབས་སེམས་ནང་སྐྱོ་ལྷང་ལྷང་ཞིག་ཡོང་གི་འདུག”ཅེས་བཤད།
          རིན་ཆེན་གྱི་ཕ་ཚུལ་ཁྲིམས་ཀྱིས“ང་སློབ་ཆུང་འགྲིམ་དུས་སློབ་གྲྭ་ས་ཁང་ནས་སོ་ཕག་ཁང་པར་བརྗེ་སྒྱུར་བྱས་ཟིན་ནའང་ཆ་རྐྱེན་སྔར་བཞིན་སྐྱོ་པོ་ཡོད། སློབ་ཁང་ནང་སྣུམ་བཞུ་སྤོར་བ་དང་རྡོ་སོལ་ཐབ་སྤྱོད་ཀྱི་ཡོད་པས་སློབ་ཚན་ཉིན་གཅིག་ཉན་རྗེས་ངོ་གདོང་ནག་རྐྱང་ཆགས་ཀྱི་ཡོད། སྐབས་དེ་དུས་འབྲི་དེབ་གཅིག་ཉོ་བར་སྒོར་ཟུར་3དགོས་པས་ཕྲུ་གུའི་ངོས་ནས་བརྗོད་ན་གྲངས་ཀ་དེ་ཧ་ཅང་མང་པོ་རེད། དེར་བརྟེན་འབྲི་དེབ་ཀྱི་རྒྱབ་མདུན་གཉིས་ཀ་སྤྱད་ཟིན་ནའང་ད་དུང་མུ་མཐུད་སྤྱོད་ཀྱི་ཡོད། འབྲི་ས་གཏན་ནས་མེད་དུས་གཞི་ནས་གསར་པ་ཞིག་བརྗེ་གི་ཡོད”ཅེས་བཤད།
         ཚུལ་ཁྲིམས་ཀྱིས“ང་སློབ་གྲྭ་འགྲིམ་དུས་བག་ཆགས་ཟབ་ཤོས་ནི་ཕྲུ་གུ་ཁག་གཅིག་གིས་སྣུམ་བཞུ་བེད་སྤྱོད་སྐབས་གྲོན་ཆུང་ཆེན་པོ་བྱེད་ཀྱི་ཡོད། དགུན་དུས་ཞོགས་པ་ནག་ཁུང་ནག་རྐྱང་གི་སྐབས་སུ་འཁྱུག་ཙམ་སྤོར་བ་ལས་ནམ་གསལ་ལ་མ་གསལ་སྐབས་སྣུམ་བཞུ་ལམ་སེང་གསོད་ཀྱི་ཡོད”ཅེས་བཤད།
         མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་འབྱོར་བའི་གནས་ཚུལ་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་ལྟར་ན་སློབ་གསོའི་རྣམ་གྲངས་སྣ་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་209.5གཤམ་སྤྲོད་བྱས་ཏེ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་893.16ཟིན་པའི་སློབ་གྲྭའི་ཉལ་ཁང་གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད། 2016ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་སློབ་ཞུགས་གོང་གི་ལོ་གསུམ་ནས་མཐོ་རིམ་སློབ་འབྲིང(འབྲིང་རིམ་ལས་རིགས་ལག་རྩལ་སློབ་གླིང་ཚུད)བར་གྱི་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་འགོ་བཙུགས་ཡོད། སྲིད་ཇུས་དེ་དང་ཐོག་མཚོ་བྱང་དང་། མཚོ་ལྷོ། རྨ་ལྷོ། མགོ་ལོག ཡུལ་ཤུལ་བཅས་བོད་རིགས་རང་སྐྱོང་ཀྲོའུ་ལྔ་དང་དེ་བཞིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་ཁྱབ་གདལ་བཏང་བ་མ་ཟད། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་ཚང་དབུལ་པོའི་སློབ་མར་ཡང་གོང་གི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
         མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཤུའེ་ཅན་ཧྭ་ཡིས“ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ནི‘ཀུན་ཕན་ཁར་དམིགས་བསལ་གཟིགས་སྐྱོང’གི་སྲིད་ཇུས་ཤིག་ཡིན་པ་དེའི་འགག་རྩ་ནི་གཞི་རྩ་འགན་ལེན་དང་མཐའ་སྐྱོང་གིས་རྒྱ་ཆེའི་འབྲོག་ཁུལ་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཚོར་དྲང་སྙོམས་ཀྱི་སློབ་གསོ་དང་ལེན་ཐུབ་པ་བྱས་ནས་དབུལ་པོ་མི་རབས་ནས་མི་རབས་རྒྱུན་མཐུད་གཏན་འགོག་བྱ་རྒྱུ་དེ་རེད། ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱེད་རིང་རིམ་དབྱེ་སྐུལ་འདེད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྔོན་དཔག་ལྟར་ན‘ལོ་ལྔ་ཚན་བཅུ་གསུམ་པའི’དུས་མཇུག་ཏུ་ཞིང་ཆེན་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད”ཅེས་བཤད།
         ཁྲི་འདུ་རྫོང་བུ་བཅོལ་ཁང་གི་དགེ་རྒན་ཨན་སྒྲོལ་མས“སློབ་དུས་འདི་ནས་བཟུང་སློབ་ཞུགས་གོང་གི་ལོ་གསུམ་སློབ་གསོར་སློབ་ཡོན་མི་དགོས་པས་བུ་བཅོལ་ཁང་དུ་ཕྲུ་གུ་བཅུ་གྲངས་ཁ་ཤས་མང་དུ་ཕྱིན་པ་མ་ཟད། ད་དུང་ཁྱིམ་བདག་མི་ཉུང་བ་ཞིག་གིས་ང་ཚོར་གནས་ཚུལ་སྐད་ཆ་དྲིས་རྗེས་འདི་ལོའི་ཟླ་དགུ་པར་རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭར་ཞུགས་ཐུབ་རེ་བྱེད་ཀྱི་འདུག”ཅེས་བཤད།
         རིན་ཆེན་གྱི་ཕ་རྒྱུད་གཅེན་གཅུང་རྒྱལ་མཚན་2015ལོར་དམའ་རིམ་སློབ་འབྲིང་ཐོན་རྗེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭར་ཡོང་ནས་སྐྲ་བཞར་ཆེད་ལས་སློབ་སྦྱོང་བྱས།
      

    ཕྱོགས་བསྡུས་གསར་འགྱུར།