འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཁམས་དག་བྱེད་《ཝར་ཏིང་མཚེའུ》

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོར་རང་བྱུང་གནོད་འཚེ་ཡང་ཡང་བྱུང་བ་དང་། རང་བྱུང་ཁམས་ཀྱིས་ཐབས་ལམ་དྲག་པོའི་ཐོག་ནས་ང་ཚོར་ཉེན་བརྡ་གཏོང་བཞིན་ཡོད་པ་རེད། མིའི་རིགས་དང་རང་བྱུང་ཁམས་ཇི་ལྟར་མཉམ་གནས་བྱེད་དགོས་སམ། ང་ཚོས་འཚོ་བ་ཇི་འདྲ་ཞིག་དོན་གཉེར་བྱེད་དགོས་སམ། སེམས་ཁམས་དང་འབྲེལ་བའི་གནད་དོན་དེ་དག་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་དཀའ་གནད་དུ་གྱུར་ཡོད། དོན་དངོས་སུ་དུས་རབས་གཅིག་ལྷག་གི་གོང་དུ་ཨ་རིའི་བསམ་བློ་མཁས་ཅན་ཧེན་ལི·ཏའེ་ཝེ·སུའོ་ལུའོ་ཡིས་《ཝར་ཏིང་མཚེའུ་》ཞེས་པའི་དཔེ་དེབ་ནང་ང་ཚོར་ལན་བརྒྱབ་ཡོད།
         སུའོ་ལུའོ་ནི་དུས་རབས་19ཡི་ཨ་རིའི་མྱོང་འདས་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གྲུབ་མཐའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན། ལོ་28སླེབས་སྐབས་ཁོང་གིས་དབྱིན་ཀེ་ལན་གསར་པའི་ཝར་ཏིང་མཚེའུའི་ངོགས་སུ་ཤིང་ཁང་ཞིག་བརྒྱབ་ནས་དེ་གར་གཅིག་པུས་ལོ་གཉིས་ལྷག་རིང་འཚོ་བ་བསྐྱལ། ཁོང་གིས་བག་ལེབ་བཟོ་བ་དང་། ཉ་འཛིན་པ། ནགས་ཁྲོད་དུ་མྱུལ་བ། མི་ཚེའི་ངོ་བོ་དང་སྙིང་པོའི་ཐད་བསམ་གཞིག་བྱས་ཤིང་། 《ཝར་ཏིང་མཚེའུ་》དེ་མྱོང་གོམས་ཀྱི་རྨང་གཞིར་བྱས་ནས་བྲིས་པ་ཡིན། སུའོ་ལུའོ་ཉིད་རང་བྱུང་ཁམས་ལ་དགའ་གུས་ཆེན་པོ་ཡོད་པ་དང་ཁོང་གིས་རང་བྱུང་ཁམས་ལ་ལྷག་བསམ་ཟོལ་མེད་ངང་དགའ་ཞེན་བྱེད་ཀྱི་ཡོད། རང་བྱུང་ཁམས་ཀྱི་རྩྭ་རྩི་ཤིང་རྐང་རེར་ཡང་འཇིག་རྟེན་ཁམས་ཀྱི་བདེན་པ་དང་བླ་མེད་ཀྱི་ཆོས་ཉིད་འདུས་པས་མི་སྒེར་གྱིས་བརྟག་ཞིབ་དང་རང་བྱུང་ཁམས་དང་སྤེལ་རེས་བྱས་ནས་རང་བྱུང་ཁམས་དེར་གནས་པའི་ཆ་འཕྲིན་རྟོགས་ཐུབ་པ་དང་། རང་བྱུང་ཁམས་ཀྱིས་མི་སེམས་ལ་དྲན་སྐུལ་བྱེད་ཚུལ་ཡང་ཤེས་ཐུབ།
         དུས་རབས་19པའི་དུས་སྟོད་ནི་ཏག་ཏག་བཟོ་ལས་གསར་བརྗེ་ཐེངས་དང་པོ་འཕེལ་རྒྱས་མྱུར་བའི་དུས་མཚམས་སུ་འཁེལ་ཡོད། གསར་དུ་བཙུགས་པའི་སྲིད་དབང་སྲ་བརྟན་བྱུང་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱང་རིམ་གྱིས་ལམ་དུ་རྒྱུག་པས་ཨ་རིར་གཞི་ཁྱོན་ཆེ་བའི་སྒོ་ནས་དཔལ་འབྱོར་ཡར་རྒྱས་མགྱོགས་མྱུར་འགྲོ་འགོ་ཚུགས། ལྷོ་བྱང་དམག་འཁྲུག་མ་བྱུང་གོང་ཨ་རིའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་10འཕར་ནས་འཛམ་གླིང་གི་ཨང་བཞི་པ་ཟིན། སུའོ་ལུའོ་ཡིས་འཚོ་བ་སྐྱེལ་བའི་ཨ་རིའི་བྱང་ཤར་རྒྱུད་དུ་འབྱོར་ལྡན་གྲལ་རིམ་གྱི་བཟོ་ཚོང་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་སོང་ནས་བཟོ་གྲྭ་དང་ལྕགས་ལམ་འབོར་ཆེན་སྐྲུན་པ་དང་སྐབས་ཤིག་རིང་ཚོང་ལས་ཧ་ཅང་དར་ཡོད། སྐྱེ་བོ་ཀུན་འདོད་ཡོན་གྱི་བསླུ་བྲིད་ཆེན་པོའི་འོག་བློ་རྩེ་གཅིག་གིས་དངུལ་གསོག་རྒྱུ་ཁོ་ནར་གཡེངས་ཏེ་རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་དངོས་པོ་རིང་ལུགས་དར་ཁྱབ་ཆེ་བར་གྱུར།
         བཟོ་ལས་གསར་བརྗེ་དང་ལས་བགོས་ལ་བརྟེན་ནས་ཚན་རྩལ་དང་ཚོང་ལས་གོང་འཕེལ་སོང་ནའང་། དེ་ཡང་ཏག་ཏག“རལ་གྲི་སོ་གཉིས་མ”ལྟ་བུར་གྱུར་ནས་མི་རྣམས་འདོད་ཡོན་དང་གོམས་སྲོལ་གྱི་བྲན་གཡོག་ཏུ་གྱུར་པ་དང་། “ལྷིང་འཇགས་ཀྱི་རེ་ཆད་འཚོ་བ་སྐྱེལ་བཞིན་པ”མ་ཟད“མོངས་པ་དང་ནོར་འཁྲུལ་གྱི་དབང་གིས་རྟོག་བཟོས་བསྐྱེད་པའི་སེམས་ཁྲལ་དང་བསྒྲུབ་མི་ཚར་བའི་ལས་ཀ་ཕྲག་ཏུ་འཁུར་ནའང་ཚེ་སྲོག་གི་འབྲས་བཟང་བསྡུ་ཐུབ་ཀྱི་མེད”དེ་ལྟ་བུའི་འཚོ་བའི་དབང་གིས་སྐྱེ་བོ་རྣམས་ལ་ཚེ་སྲོག་གི་སྙིང་པོ་ངོ་མ་དང་བདག་ཉིད་འཚོ་གནས་ཀྱི་རིན་ཐང་ཤོར་བ་རེད། བསམ་གཞིག་པ་ཞིག་ཡིན་པའི་སུའོ་ལུའོ་ཡིས་བཟོ་ལས་ཤེས་དཔལ་ལས་མི་རྣམས་ལ་བྱུང་བ་ནི་བདག་ཉིད་མིན་ལ“སྔར་བས་ལེགས་པའི་རྩ་དོན”མངོན་དུ་གྱུར་པ་མིན་པ་གསལ་པོར་རྟོགས་ཤིང་། དེ་ལས་ལྡོག་སྟེ“མི་ལ་ལས་ཤེས་དཔལ་ལྡན་པའི་མིར་འཚོ་བའི་ལམ་ལུགས་ཆ་ཚང་ཞིག་ཇུས་འགོད་བྱས་པ་དང་། ལམ་ལུགས་ཆ་ཚང་དེས་རིགས་རྒྱུད་ཀྱི་འཚོ་བ་ཉར་འཇོག་བྱས་ནའང་མི་སྒེར་གྱི་འཚོ་བ་བློས་གཏོང་དགོས་བྱུང་ཡོད” མུན་འཐོམ་དང་སྡུག་བསྔལ་དེ་དག་གསལ་པོར་རྟོགས་རྗེས་སུའོ་ལུའོ་ཡིས་འཚོ་བའི་བདེན་པ་རྙེད་ནས་དེང་རབས་ཀྱི་མིའི་རིགས་ལ་ཐར་ལམ་སྟེ“ནན་པའི་དཔལ་འབྱོར་རིག་པ”མཁོ་འདོན་བྱ་རྒྱུའི་རེ་བ་བྱས་ཤིང་། དེ་ནི“སྟབས་བདེ། སྟབས་བདེ། དེ་བས་ཀྱང་སྟབས་བདེ”ཡོང་རྒྱུ་དེ་ཡིན། ཁོང་གིས་སྐྱེ་བོ་རྣམས་ལ་བདེ་སྐྱིད་ལ་ཕྱོགས་པའི་ལམ་དུ་དངོས་པོ་མང་པོ་དེ་འདྲ་མི་དགོས་པའི་དྲན་སྐུལ་བྱས་པ་རེད།
         ལོ་རྒྱུས་ཁྲོད་ནམ་ཡང་ཧ་ལས་པའི་བསྐྱར་ཟློས་ཐོན་གྱི་ཡོད། ཐེངས་དང་པོའི་བཟོ་ལས་གསར་བརྗེ་ནས་ད་ལྟ་ད་དུང་ཐེངས་གསུམ་པའི་བཟོ་ལས་གསར་བརྗེ་བྱེད་བཞིན་པའི་བར་སྤྱིར་ན་ལོ་200ལྷག་གི་དུས་ཚོད་འདས་ནའང་། མིའི་རིགས་ལ་ཕྲད་པའི་གནད་དོན་དེ་སྐབས་དེའི་སུའོ་ལུའོ་དང་ཇི་འདྲ་མཚུངས་པ་ལ། བཟོ་ལས་སྤྱི་ཚོགས་ལས་ཚན་རྩལ་དར་འཕེལ་ཕྱིན་ནས་བཟོ་ལས་ཡར་རྒྱས་སོང་ནའང་། བཟོ་ལས་ཤེས་དཔལ་གྱི་སྐུལ་ལྕག་འོག་འདོད་ཡོན་ཆེས་ཆེར་འཕེལ་བ་ལས་ཀྱང་མིའི་རིགས་ཀྱི་རང་གཤིས་ཀྱི་འཛོལ་བ་དང“གཞན་འགྱུར”བྱུང་། དེ་དང་ཆབས་ཅིག་མིའི་རིགས་ཀྱི་བྱེད་སྒོའི་རྐྱེན་གྱིས་རང་བྱུང་ཁམས་ཆེན་མོར་གསབ་ཐབས་བྲལ་བའི་སྦགས་བཙོག་དང་གཏོར་བརླག་ཀྱང་བྱུང་ཡོད། གཅིག་བྱས་ན། ད་ནི་ང་ཚོས་སུའོ་ལུའོ་ཡི་ལྟ་སྟངས་ལ་བརྟེན་ནས་རང་བྱུང་ཁམས་ལ་བལྟས་རྗེས་རང་ཉིད་ལ་བལྟ་བའི་དུས་ལ་སླེབས་ཡོད་སྲིད། མིའི་རིགས་ཀྱིས་བདག་ཉིད་ཀྱི་རང་རྐྱ་འཕེར་བའི་རང་བཞིན་སྲུང་འཛིན་བྱེད་པ་ལས་སྤྱི་ཚོགས་གོམས་སྲོལ་གྱི་བྲན་དུ་མི་བསྒྱུར་བ་དང་བཟོ་ལས་ཤེས་དཔལ་ནང་རང་ཉིད་ལ་འཛོལ་བ་མི་ཐོན་པ་བྱས་ནས་རང་བྱུང་ཁམས་སུ་བསྐྱོད་དགོས་པ་དང་། རང་བྱུང་ཁམས་ཀྱི་ཁྲུས་གསོལ་དང་དུ་བླངས་ནས་རང་བྱུང་ཁམས་སུ་འཚོ་བའི་བདེན་པ་འཚོལ་རྒྱུ་དང་། རང་བྱུང་ཁམས་དང་བཟོ་ལས་ཤེས་དཔལ་དབར་གྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དོ་སྙོམས་ཡོང་བར་འབད་དགོས།
        མིའི་རིགས་ཀྱིས་དངོས་པོ་དང་བཟོ་ལས་ཤེས་དཔལ་དོན་གཉེར་བྱེད་པ་ནི་འཚོ་བ་སྔར་བས་ལེགས་པ་སྐྱེལ་ཆེད་ཡིན་ནའང་། སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ཉིད་ཁོར་ཡུག་བློས་གཏོང་བྱེད་པ་དེ་རིན་དོད་དུ་བྱས་ན་མི་འགྲིག རང་བྱུང་ཁམས་ནི་མིའི་རིགས་འཚོ་གནས་ཀྱི་གཞི་རྩ་ཡིན་པ་དང་། ཁོར་ཡུག་སྦགས་བཙོག་རིན་དོད་དུ་བྱས་པའི་འཕེལ་རྒྱས་ནི་གཙོ་ཕལ་གོ་ལྡོག་པ་རང་ཡིན་པས་མཐར་རང་ཉིད་བརླག་པའི་རྒྱུ་ཡིན་པ་མ་ཟད། མིའི་རིགས་ཀྱི་འཚོ་བ་དེ་བདེ་སྐྱིད་དང་སྔར་བས་ཐག་རིང་དུ་འགྲོ་སྲིད། 《ཝར་ཏིང་མཚེའུ་》ཞེས་པ་བསྐྱར་དུ་ཀློག་སྐབས། དེ་དག་སྐྱོབ་པའི་ཐབས་བཟང་ནི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། སྲེད་པ་ཚོད་འཛིན། སྔར་ཡོད་ཀྱི་རང་བྱུང་གནས་སྟངས་སོར་ཉར་བཅས་བྱས་ནས་ཚེ་སྲོག་རང་ངོས་ཀྱི་སྙིང་པོ་དེ་ཡིད་ལ་བརྟན་པོར་ངེས་དགོས།
      

    ཕྱོགས་བསྡུས་གསར་འགྱུར།