འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་བས་《ཁང་ཆེན་དམར་པོའི་རྨི་ལམ་》འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཇར་མན་ཕུའུ་ཁེ་དབང་ཀེན་ཞབས་བྲོའི་ལས་དོན་ཁང་གིས་རང་རྩོམ་དང་། རང་ཁྲིད། རང་འཁྲབ་བཅས་བྱས་པའི་ལེ་ཚན་ཀྲུང་གོའི་གནའ་བོའི་གསུང་རྩོམ་གྲགས་ཅན་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པ་དེ་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གར་སྟེགས་ཐོག་ཐེངས་དང་པོར་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད།
         ཕུའུ་ཁེ་དབང་ཀེན་དེང་རབས་ཞབས་བྲོའི་ཚོགས་པ་དེ་1927ལོར་བཙུགས་པ་དང་ཡོ་རོབ་ཏུ་སྐད་གྲགས་ཡོད། ཡོ་རོབ་ཀྱི་དེང་རབས་ཞབས་བྲོ“ལྷ་ལྕམ་ཨང་དང་པོ”ཞེས་གྲགས་པའི་ཕི་ན་·པའོ་ཧྲིས་དུས་སློབ་གྲྭ་དེར་ཡུན་རིང་པོ་སློབ་ཁྲིད་བྱེད་མྱོང་ཡོད། ཕུའུ་ཁེ་དབང་ཀེན་སྒྱུ་རྩལ་སློབ་ཆེན་གྱི་རྒྱུན་ལས་ཞའོ་ཀྲང་གཞོན་པ་མའེ་ཁེ་·ཧྥོ་ལི་ཁེས་2014ལོའི་དབྱར་ཁར་རང་ཉིད་ཀྲུང་གོར་འཚམས་འདྲིར་སྐྱོད་སྐབས་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པ་དེ་ཀྲུང་གོའི་ཁྱིམ་ཚང་མི་རེ་ངོ་རེས་རྒྱུས་མངའ་ཆེན་པོ་ཡོད་པ་ཤེས་བྱུང་། འོན་ཀྱང་འཇར་མན་དུ་མི་མང་པོས་མི་རྟོགས་པ་དེ་ནི་རིག་གནས་ལ་གོ་བ་ལེན་སྟངས་མི་འདྲ་བ་དང་འབྲེལ་བ་ཡོད་ཤས་ཆེ། “འཇར་མན་གྱི་ཡི་གེར་བསྒྱུར་བའི་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པ་དེ་ཀློག་པ་པོས་ཆ་ཚང་བ་ཞིག་ལྟ་ཀློག་བྱེད་དཀའ་བར་བརྟེན་དེང་རབས་ཀྱི་ཞབས་བྲོའི་རྣམ་པའི་ཐོག་ནས་ཆུ་ཚོད་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་ནུབ་ཕྱོགས་ཀྱི་ལྟད་མོ་བ་ཚོར་དེའི་ཐད་ཁྱོན་ཡོངས་ནས་བག་ཆགས་ཤིག་འཇོག་ཐུབ་མིན”གྱི་བསམ་ཚུལ་དེ་འཇར་མན་དུ་ཕྱིར་ལོག་ནས་བཤད་པས་དགེ་སློབ་ཚོས་རང་ཉིད་ཀྱི་བསམ་ཚུལ་དེར་རྒྱབ་སྐྱོར་ཆེན་པོ་བྱས་པ་མ་ཟད་ཚང་མས་འཚང་ཁ་ཤིག་ཤིག་ངང་དེའི་ནང་ཞུགས་འདོད་བྱེད་ཀྱི་འདུག་ཅེས་བརྗོད།
         ཟླ་བ་གསུམ་ལྷག་ཙམ་རིང་གི་ནང་སྦྱོང་བརྒྱུད་2015ལོའི་ཟླ་བ་ལྔ་པར་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པའི་དེང་རབས་ཞབས་བྲོ་དེ་ཕུའུ་ཁེ་དབང་ཀེན་སྒྱུ་རྩལ་སློབ་ཆེན་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ལོ་དེའི་ཟླ་བ་བཅུ་གཅིག་པར་གོ་ལ་ཧྲིལ་པོར་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་ས་ཚིགས་ཨང་དང་པོ་ཡིན་པའི་ཧེ་སེན་ཀྲོའུ་རུ་དེང་རབས་ཀྱི་ཞབས་བྲོ་དེ་དངོས་སུ་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་ལ་བལྟས་རྗེས་འཇར་མན་ཐེ་ལིར་སློབ་ཆེན་སྒྱུ་རྩལ་དགེ་རྒན་ཆེ་མོ་བ་ལིང་ཏ་·ལའེ་ཨེན་པོར་གྱིས་སྨྱུག་འཛིན་པར་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པའི་དེང་རབས་ཞབས་བྲོ་དེས་ཕྱིའི་རྣམ་པ་ཙམ་མིན་པར་ནང་སེམས་ཀྱི་ཐོག་ནས་རང་ངོས་ལ་སེམས་འགུལ་ཐེབས་པ་དང“དལ་ལྷོད་སྙོམས་པའི་སྟངས་སྟབས་དང་གང་ལ་གང་འཚམ་གྱི་རོལ་དབྱངས་ཐོག་ནས་དེའི་ནང་དོན་མཚོན་པར་བྱས་འདུག”ཅེས་བརྗོད་བྱུང་།
         ཕུའུ་ཁེ་དབང་ཀེན་ཞབས་བྲོའི་ལས་དོན་ཁང་གིས་ལོ་ལྟར་འཁྲབ་ཚན་གསར་པ་ནང་སྦྱོང་བྱེད་ཀྱི་ཡོད། ཞའོ་ཀྲང་ཧྥོ་ལི་ཁེས་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པ་དེ་སློབ་གྲྭ་དེའི་དེང་རབས་ཞབས་བྲོའི་སློབ་ཚན་གྱི་རྩ་གནད་ནང་གི་ལེ་ཚན་དུ་འགྱུར་ནས་འཇར་མན་གྱི་སྒྱུ་རྩལ་མཁས་ཅན་ཚོས་རིག་གནས་མི་འདྲ་བར་གོ་བ་ལེན་སྟངས་སྟོན་པ་མ་ཟད། ཀྲུང་གོའི་རིག་གནས་བརྒྱུད་སྤེལ་ཐད་ལེགས་སྐྱེས་འབུལ་བ་མཚོན་གྱི་ཡོད་ཅེས་བརྗོད་པ་རེད། ཀྲུང་གོའི་ཚའོ་ཞོལ་ཅིང་སློབ་ཚོགས་ཀྱི་ཚོགས་གཙོ་ཧུའུ་ཏེ་ཕིང་གིས་ནུབ་ཕྱོགས་ཀྱི་དེང་རབས་ཞབས་བྲོའི་སྒྱུ་རྩལ་རྣམ་པའི་ཐོག་ནས་ཀྲུང་གོའི་གནའ་གཞུང་རྩོམ་རིག་གྲགས་ཅན་འཁྲབ་སྟོན་དང་ནུབ་ཕྱོགས་ཀྱི་དེང་རབས་སྒྱུ་རྩལ་གྱི་ཟུར་ཚད་ཐོག་ནས་ཤར་ཕྱོགས་ཀྱི་གནའ་བོའི་རྩོམ་རིག་འདུ་ཤེས་ལ་ཞིབ་ལྟ་བྱས་པ་དེ་ཀྲུང་གོ་དང་འཇར་མན་གྱི་རིག་གནས་སྤེལ་རེས་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞེས་གདེང་འཇོག་བྱས་ཡོད།
         འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་རིག་གནས་ཚན་ཙན་ཁྲེན་ཕིང་གིས་གནའ་བོའི་རྩོམ་རིག་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། ཀྲུང་གོའི་སྒྲུང་གཏམ་གྲགས་ཅན་ཆེ་གྲས་བཞིའི་གྲས་ཤིག་ཡིན་པའི་《ཁང་ཆེན་དམར་པོའི་རྨི་ལམ་》ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པ་དང་དེས་ཀྲུང་གོའི་རིག་གནས་བརྒྱུད་སྤེལ་དང་ཀྲུང་ཕྱིའི་རིག་གནས་སྤེལ་རེས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། མི་རིང་བར་ཀྲུང་གོའི་ལྟད་མོ་བ་ཚོས་ཕྱི་རྒྱལ་བས་འཁྲབ་སྟོན་བྱས་པའི་《ཁང་ཆེན་དམར་པོའི་རྨི་ལམ་》ཞེས་པ་མྱོང་རོལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།