འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་དེ་ཨ་རིར་གལ་འགངས་
    ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་པིང་ཞི་ཧྥ་ཉི་ཡཱ་སློབ་ཆེན་ཨོའོ་ཏུན་ཚོང་དོན་སློབ་གླིང་གི་ཡོན་ཀྲང་ཅེ་ཧྥུའུ་ལི·ཅཱ་ལུའེ་ཐེས། ལོ་བཅོ་ལྔའི་གོང་དང་བསྡུར་ན་དེང་གི་ཀྲུང་ཨའི་དཔལ་འབྱོར་དང་ཚོང་དོན་འབྲེལ་བ་སྔར་བས་དམ་ཟབ་དང་དོ་སྙོམས་སུ་ཕྱིན་པ་དང་། ཀྲུང་གོའི་དཔལ་འབྱོར་བདེ་བླག་ངང་ཕྱོགས་སྒྱུར་ཐུབ་པ་དང་ཧ་ཅང་ཆེ་བའི་འཛད་སྤྱོད་ཁྲོམ་རས་ཨ་རིའི་འབྱུང་འགྱུར་གྱི་དཔལ་འབྱོར་འཕར་རྒྱུར་གལ་འགངས་ཤིན་ཏུ་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་རེད།
         ཧྥེ་ཁྲེང་དུ་འཚོགས་པའི་པིང་ཞི་ཧྥ་ཉི་ཡཱ་སློབ་ཆེན་ཨོའོ་ཏུན་ཀྲུང་ཨ་དབུ་ཚོགས་ཐོག་ཅཱ་ལུའེ་ཐེས་ཤིས་ཚིག་སྒྲོན་སྐབས། མིག་སྔར། ཨ་རིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ལ་རྩོད་གླེང་བྱེད་པའི་དོ་གནད་དེ་སྔར་བཞིན“ཀྲུང་ཨའི་ཚོང་དོན་དོ་སྙོམས་མེད་པ”དང“ཀྲུང་གོར་ཨ་རིའི་རྒྱལ་བུན་འབོར་ཆེན་ཡོད་པ”དེ་ཡིན། རྗེས་ལུས་ཀྱི་བསམ་བློ་གཏོང་ཕྱོགས་དེས་ཀྲུང་ཨའི་དཔལ་འབྱོར་དང་ཚོང་དོན་འབྲེལ་བར་འགྱུར་ལྡོག་ཤུགས་ཆེན་འགྲོ་བཞིན་ཡོད་པ་ཚོར་མེད་ཅེས་བཤད་པ་དང་། ཁོང་གིས་ནན་བཤད་བྱས་དོན། འདས་པའི་དུས་དང་བསྡུར་ན། མིག་སྔར་ཀྲུང་ཨའི་དཔལ་འབྱོར་དང་ཚོང་དོན་འབྲེལ་བ“དོ་སྙོམས་པོ”ཡོད།
         ཀྲུང་གོའི་དཔལ་འབྱོར་དེ་འཛད་སྤྱོད་ཀྱིས་ཡར་སྐུལ་བྱེད་པའི་ཕྱོགས་སུ་ཇེ་ཆེར་བསྒྱུར་འགྲོ་བ་དེས་ཧ་ཅང་ཆེ་བའི་ཀྲུང་གོའི་འཛད་སྤྱོད་ཁྲོམ་རས་ཨ་རིའི་འབྱུང་འགྱུར་གྱི་དཔལ་འབྱོར་འཕར་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད་ཅིང་། ཅཱ་ལུའེ་ཐེས“ཀྲུང་གོ་དེ་ཨ་རིའི་རྒྱལ་སྒྲོལ་ཀུང་སིའི་ཐོན་སྐྱེད་རྟེན་གཞི་ཡིན་པ་ཙམ་མ་ཟད། ཀུང་སི་དེ་དག་གིས་ཐོན་ཟོག་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་བཏོན་པ་དེ་ནི་དོན་དངོས་གསར་པ་ཞིག་ཡིན”ཞེས་བཤད་།
         ཁོང་གིས། ཐུང་ཡུང་རླངས་འཁོར་ཀྲུང་གོར་བྲིན་ཚོང་བྱེད་ཚད་ཨ་རིར་བཙོང་པ་ལས་མང་བ་ཡོད་པ་དང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཀྲུང་གོར་སྒྲིག་བཟོ་བྱེད་པ་མ་ཟད། ཀྲུང་གོར་འཚོང་གི་ཡོད་པས་ཀྲུང་གོ་ནི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གྱི་བྲིན་ཚོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་ཅེས་དཔེ་དྲངས་པ་དང་། ཁོང་གིས། ཀྲུང་ཨའི་དཔལ་འབྱོར་དང་ཚོང་དོན་འབྲེལ་བའི་འགྱུར་ལྡོག་དེ་ལས་ཨ་རིའི་ཁེ་ལས་ལ་ཕན་པ་ཡོད་པ་མ་ཟད། ཀྲུང་གོའི་འཛད་སྤྱོད་པར་ཡང་ཕན་པ་ཡོད་པའི་ངོས་འཛིན་བྱས།
         ཅཱ་ལུའེ་ཐེས། ཀྲུང་གོའི་དཔལ་འབྱོར་འཕར་རྒྱུ་དེ་མ་འཇོག་དང་ཕྱིར་གཏོང་ལ་བརྟེན་པ་ནས་འཛད་སྤྱོད་ལ་བརྟེན་པར་བསྒྱུར་རྒྱུ་དེ་ལས་སླ་པོ་ཞིག་མིན་ཡང་ཀྲུང་གོའི་དཔལ་འབྱོར་བདེ་བླག་ངང་ཕྱོགས་སྒྱུར་བྱུང་བ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ངོས་ནས་བཤད་ན། ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ལ། ཀྲུང་གོའི་འབྱོར་འབྲིང་གྲལ་རིམ་གྱི་འཛད་སྤྱོད་པ་དེ་དག་ཀྱང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་སྐྱོད་མ་ལག་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་བྱས།
         ཅཱ་ལུའེ་ཐེས་ནན་བཤད་བྱས་དོན། མ་གཞི་ཀྲུང་ཨའི་དབར་མ་མཐུན་པའི་ཆ་ཡོད་མོད། 1971ལོར་ཅི་ཤིན་ཀེ་ཀྲུང་གོར་འཚམས་འདྲིར་ཕེབས་ཚུན། ཕྱོགས་གཉིས་ཀས་ཕན་ཚུན་དབར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཁས་ལེན་མཐའ་གཅིག་ཏུ་བྱས་ཡོད། ཁོང་གིས། ཕན་ཚུན་སྐད་ཆ་ཤོས་རེས་བརྒྱུད་ཀྲུང་ཨ་ཕྱོགས་གཉིས་པོས་ཕར་ཕྱོགས་ལ་རྒྱུས་མངའ་དེ་བས་ལེགས་པ་ཡོང་ཐུབ་པ་དང་། ཀྲུང་ཨས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་འཛམ་གླིང་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ལ་གལ་འགངས་ཆེན་པོ་ཡོད་པའི་ངོས་འཛིན་བྱས།
         ཅཱ་ལུའེ་ཐེས། རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པའི་ཐད་ཨོའོ་ཏུན་ཚོང་དོན་སློབ་གླིང་གིས་ནུས་པ་ངེས་ཅན་ཐོན་ཐུབ་པའི་རེ་བ་ཡོད་ལ། ན་ནིང་པེ་ཅིང་དུ་བཙུགས་པའི་པིང་ཞི་ཧྥ་ཉི་ཡཱ་སློབ་ཆེན་ཨོའོ་ཏུན་ཀྲུང་གོའི་ལྟེ་གནས་ལས་ཨོའོ་ཏུན་གྱིས་ཀྲུང་གོར་ཚད་མཐོའི་མཐོང་ཆེན་བྱས་པ་མཚོན་ཡོད་ཅེས་བཤད་པ་དང་། ཁོང་གིས། ཀྲུང་ཨའི་དབར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་རྒྱུ་དེ་མཉམ་ཤུགས་གཅིག་ཆགས་སྲིད་པས། དེ་བས་ལེགས་པའི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་པ་དང་། དེས་བས་ལེགས་པའི་ཀྲུང་ཨའི་འབྲེལ་བ་ལས་ཀྲུང་གོ་དང་། ཨ་རི། འཛམ་གླིང་བཅས་ཚང་མར་ཕན་པ་དེ་བས་ཆེ་བ་འདོགས་ཐུབ་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།