འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡར་གློག་རིན་འཕར་བ་དེས་གྲོང་མིས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་སྤྱོད་རྒྱུར་སྐུལ་མ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 《ཤིས་ཉི་ཞོགས་པའི་ཚགས་པར་》ཐོག་ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་ནུས་རྒྱུ་འཛད་སྤྱོད་མཐུན་ཚོགས་ཀྱི་བརྟག་དཔྱད་གནས་ཚུལ་སྤེལ་བའི་ནང་། ཉེ་བའི་ལོ་ཤས་རིང་ཨོ་སི་ཁྲུ་ལི་ཡར་གློག་རིན་མུ་མཐུད་འཕར་བར་བརྟེན་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་སྤྱོད་མཁན་ཁྱིམ་ཚང་ཇེ་མང་དུ་སོང་སྟེ་ཕྱོགས་གཅིག་ནས་གྲོང་མི་ཚོའི་གློག་རིན་གྲོན་ཆུང་བྱུང་ཡོད་ལ་ཕྱོགས་གཞན་ཞིག་ནས་ཐཱན་འབུད་ཚད་ཀྱང་ཉུང་དུ་ཕྱིན་ནས་གཅིག་གོ་ཉིས་ཆོད་བྱུང་ཡོད་ཅེས་འཁོད་ཡོད།
         ཨོ་སི་ཁྲུ་ལི་ཡའི་ནུས་རྒྱུ་དང་འཛད་སྤྱོད་མཐུན་ཚོགས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུའི་ནང་། གློག་རིན་མུ་མཐུད་འཕར་བར་བརྟེན་ཨོ་སི་ཁྲུ་ལི་ཡའི་ཁྱིམ་ཚང་90%གློག་དྲ་དང་ཁ་བྲལ་ནས་ཉི་ནུས་སོགས་བསྐྱར་སྐྱེ་ཐུབ་པའི་ཚབ་བྱེད་ནུས་རྒྱུའི་ཕྱོགས་སུ་བསྒྱུར་ཡོད་ཅེས་འཁོད་ཡོད། མཐུན་ཚོགས་དེའི་འགན་འཁུར་བ་ལུའོ་སི་མཱ་ལི·ཤིན་ཁེ་ལའེ་ཡིས་གློག་རིན་གྱིས་གྲོང་མིའི་འགྲོ་སོང་བསྡུར་ཚད་ཆེན་པོ་བཟུང་ནས་མི་རྣམས་ཀྱིས་དེའི་ཐད་མ་འཇོག་བྱས་ནས་འགྲོ་སོང་གྲོན་ཆུང་ཐུབ་པར་བྱེད་འདོད་ཡོད་པ་ལས་ནུས་རྒྱུའི་ཤེལ་ཏོག་བསྒར་ནས་གློག་རིན་གྲོན་ཆུང་བྱེད་པ་ཁོ་ན་མིན། ད་ཆ་ཉི་ནུས་གློག་རྫས་བསྒར་མཁན་དུད་ཚང་ཁྲི་150ཙམ་ཡོད་པ་དེ་དག་གིས་གློག་ཤུགས་ཀྱི་དགོས་མཁོར་ཤུགས་རྐྱེན་ཐེབས་ནས་གློག་ཤུགས་ཁེ་ལས་ཀྱིས་གློག་དྲར་མ་འཇོག་ཉུང་དུ་གཏོང་རྒྱུ་རེད་ཅེས་བཤད།
         བརྟག་ཞིབ་བྱས་པ་བརྒྱུད་ཁང་པའི་ཐོག་ཁར་ཉི་ནུས་གློག་རྫས་སྒྲིག་སྦྱོར་བྱས་པའམ་ཡང་ན་སྒྲིག་སྦྱོར་བྱེད་རྩིས་ཡོད་པའི་ཁྱིམ་ཚང་ཁྲོད་81%གིས་གློག་རྫས་གསོག་འཇོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་སྲིད་པ་དེ་གྲོང་མི་ཚོ་གློག་དྲ་དང་ཁ་བྲལ་ངེས་ཤིག་ཏུ་འགྱུར་རྒྱུ་རེད། གལ་སྲིད་གྲོང་མི་ཚོས་དགོང་མོར་ཉིན་མོ་གསོག་ཉར་བྱས་པའི་གློག་ནུས་བེད་སྤྱོད་བྱས་ན། གློག་ཤུགས་ལས་རིགས་ལ་འགྱུར་ལྡོག་རྦད་དེ་ཐུབ་ངེས་ཡིན་པ་ཤེས་རྟོགས་བྱུང་ཡོད།
         ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་དང་ནུས་རྒྱུ་དྲ་སྦྲེལ་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་འབྱུང་འགྱུར་ལོ་བཅུའི་རིང་གློག་ཤུགས་གསོག་འཇོག་གི་མ་གནས་དེ་གསུམ་ཆ་གཉིས་བར་དམའ་རུ་འགྲོ་རྒྱུ་དང་། ཉི་ནུས་གློག་རྫས་སྤྱད་དེ་གློག་གཏོང་བའི་མ་གནས་དེ་གསུམ་ཆ་གཅིག་བར་དམའ་རུ་འགྲོ་རྒྱུ་ཡིན་པ་དེས་ཁྱིམ་ཚང་དེ་བས་མང་བ་གློག་དྲ་དང་བྲལ་ནས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་བེད་སྤྱོད་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡའི་ཉི་ནུས་གློག་གཏོང་གི་མ་གནས་དེས་གློག་དྲའི་གློག་རིན་གྱི་ཕྱེད་ཀ་ལས་ཟིན་གྱི་མེད། འོན་ཀྱང་རྒྱལ་ཁབ་དེའི་ཨོ་སི་ཁྲུ་ལི་ཡའི་ཀྲོའུ་ནུབ་མས་ཉི་ནུས་གློག་གཏོང་ལ་སྔར་བས་སྐུལ་མ་གཏོང་གི་ཡོད། སྔོན་དཔག་བྱས་པར་གཞིགས་ན། ལོ་10ཡི་ནང་ཀྲོའུ་དེས་ཉིན་མོར་ཉི་ནུས་གློག་གཏོང་མངོན་འགྱུར་ཐུབ་རེ་ཡོད་པ་དང་། ཀྲོའུ་དེའི་ལྟེ་བའི་གྲོང་ཁྱེར་ཕོ་སི་འདི་ཉིད་ཨོ་སོ་ཁྲུ་ལི་ཡ་ཡོངས་ཀྱི་ཉི་ནུས་གྲོང་ཁྱེར་ཐོག་མ་དེར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།