འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུན་མཐུད་ངང་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་
    གཏོང་སྟངས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྔོ་དཀར་གྱི་ཉི་ནུས་གློག་རྫས་སྟར་པ་རེ་རེ་བཞིན་ལས་ལྕགས་རིགས་འོད་མདངས་འཚེར་བ་དེ་བརྗིད་ཆགས་པ་ཞིག་སྣང་བ་དང་། ལྕགས་སྒྲོམ་སྟར་པ་རེ་རེ་བཞིན་ལས་བཏེགས་པའི་གློག་དྲ་དེ་ས་ཐག་རིང་པོར་མཆེད། “ཀྲུང་གོའི་ཚྭ་མཚེའུ་གྲོང་ཁྱེར”—གོར་མོ་གྲོང་ཁྱེར་ཤར་འདབས་ཀྱི་གྲམ་ཐང་ཐོག་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དེས་ས་མཐོའི་གསར་དར་བཟོ་ལས་གྲོང་ཁྱེར་དེའི་ཐོན་ལས་འཕོ་འགྱུར་འགྲོ་ཚུལ་མངོན།
         “‘ལོ་ལྔ་ཚན་བཅུ་གཉིས་པའི’རིང་གོར་མོར་ཉི་ནུས་འོད་ཤུགས་གློག་འདོན་ཚད་ཆན་ཝ་ཁྲི་230ཙམ་གསར་དུ་བསྣན་པ་ལས་གྲོང་ཁྱེར་འདི་ཉིད་མིང་དོན་མཚུངས་པའི‘འོད་ཤུགས་གྲོང་ཁྱེར’དུ་གྱུར་ཡོད”ཅེས་གོར་མོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ཧའེ་ཅུན་གྱིས་བཤད།
         ཚྭ་འདམ་གཤོང་སར་ཆགས་པའི་གོར་མོ་གྲོང་ཁྱེར་ལ་གཏེར་ཁའི་་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཐོན་ཁུངས་རྣམ་པའི་བཟོ་ལས་ལ་རྟེན་དྲགས་པས་ས་ཁུལ་དེའི་དཔལ་འབྱོར་འཕེལ་རྒྱས་ཕྱོགས་སྒྱུར་ཐད་འགལ་རྐྱེན་བཟོས་པ་སྟེ། ཐོན་ཁུངས་ཆུད་ཟོས་ཚབས་ཆེན་སོང་བ་དང་། བཟོ་ལས་གྲུབ་ཆ་དོ་སྙོམས་མེད་པ། ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཉེན་ཁར་ཁ་གཏད་གཅོག་ནུས་ཆུང་བ་བཅས་རེད། གནད་དོན་དེ་དག་ལ་དམིགས་ཏེ་ཉེ་བའི་ལོ་ཤས་རིང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་ལ་སྐུལ་འདེད་གཏོང་བ་དང་ནུས་རྒྱུ་གསར་པའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུ་དེ་ཚད་བརྒལ་སར་བྱས་པས་གོར་མོའི་བཟོ་ལས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་གི་གོམ་སྟབས་མགྱོགས་སུ་སོང་བ་རེད།
         ཚྭ་མཚེའུ་ཁོ་ན་གསར་སྤེལ་བྱེད་པ་ནས་ཚྭ་མཚེའུ་དང་། རྡོ་སྣུམ། རང་བྱུང་སོལ་རླངས། མདོག་ལྡན་ལྕགས་རིགས་བཅས་ཐོན་ལས་ཆེ་ཁག་གསུམ་མཉམ་དུ་གསར་སྤེལ་བྱེད་པའི་བར་དང་། “ཚྭ་མཚེའུ་ནས་ཅཱ་ལེན་པ”ཁོ་ན་ནས་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་བྱེད་པ་དང་ཐོན་ལས་ལས་བརྒལ་བའི་འཁོར་སྐྱོད་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བར་དང་འོད་ཤུགས་ནུས་རྒྱུ་གསར་པའི་ཐོན་ལས་རྟེན་གཞི་དང་གྲངས་གཞི་ཆེ་མོའི་ལྟེ་གནས་བསྐྲུན་པའི་བར་གོར་མོར་འཁོར་སྐྱོད་དཔལ་འབྱོར་དང་། ནུས་རྒྱུ་གསར་པ། ཁྱད་ལྡན་ཡང་བའི་བཟོ་ལས་བཅས་གཙོ་བོར་བྱས་པའི་བཟོ་ལས་མ་ལག་གསར་པ་རིམ་བཞིན་གྲུབ་བཞིན་ཡོད་པ་རེད།
         “ལེགས་ལྡན་ཐོན་ཁུངས་ཕྱོགས་སྒྱུར་འཐབ་ཇུས་ལག་ལེན་བསྟར་ཏེ་ལེགས་ལྡན་ཐོན་ལས་དང་ནུས་རྒྱུ་གསར་པ་སྐྱེད་སྲིང་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྔོན་ལ་འཕེལ་རྒྱས་བཏང་བ་ལས་གོར་མོའི་བཟོ་ལས་དཔལ་འབྱོར་ཐད་རྒྱུན་མཐུད་ངང་འཕེལ་ཕྱོགས་ལེགས་པ་དང་རྗེས་ཐོན་ལེགས་ཆ་མངོན་འགོ་ཚུགས་ཡོད”ཅེས་ཀྲང་ཧའེ་ཅུན་གྱིས་བཤད།
         གོར་མོའི་བཟོ་ལས་ཕྱོགས་སྒྱུར་ལམ་བུ་ནི་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པའི་བསྡུས་རིས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་བཏང་བས་ཐོན་ཁུངས་རྣམ་པའི་བཟོ་ལས་དཔལ་འབྱོར་ཕྱོགས་སྒྱུར་ལམ་བུ་ཞིག་རིམ་བཞིན་འཚོལ་ཞིབ་ཐུབ་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་དང་གསར་དར་ཐོན་ལས་མ་འཇོག་གིས་སྤྱིར་བཏང་རང་བཞིན་གྱི་བཟོ་ལས་མ་འཇོག་ཁྲོད་བཟུང་བའི་བསྡུར་ཚད་70%ཟིན་པ་དང་ལྷག་པར་དུ་ཡང་བའི་བཟོ་ལས་ཁྱབ་ཁོངས་ཁྲོད་བཟུང་བའི་བསྡུར་ཚད་དེ་5%ནས་14%བར་མཐོ་རུ་སོང་ཡོད་པ་རེད།
         “མཚོ་སྔོན་གྱི་བཟོ་ལས་གྲུབ་ཆ་གཙོ་བོ་ལྕི་བའི་བཟོ་ལས་ཡིན་པ་དང་ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་བསྡུར་ཚད་དོ་སྙོམས་བྱུང་མེད། བཟོ་ལས་ཐོན་རྫས་གཙོ་བོ་མང་ཆེ་བ་ནི་བཟོ་ལས་ཀྱི་ཐོག་མའི་ཐོན་རྫས་ཡིན་པ་དང་ཐོན་ཁུངས་དང་ནུས་རྒྱུ་ཟད་གྲོན་མཐོ་བའི་ཁར་ཐོན་ལས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་མངོན་གསལ་དོད་པས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་ཉེ་བའི་ལོ་ཤས་རིང་གི་བཟོ་ལས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་གཙོ་ཐིག་ཡིན”ཞེས་དང་རྒྱུན་མཐུད་ངང་གྲུབ་ཆ་ལེགས་སྒྲིག་བྱས་པ་དེ་ལས་མཚོ་སྔོན་གྱི་དཔལ་འབྱོར་དེ་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་ཛ་དྲག་པའི་གནས་ཚུལ་འོག་སྔར་བཞིན་བལྟོས་བཅས་ཀྱིས་བརྟན་པོའི་ངང་འཕར་ཐུབ་པ་བྱུང་ཡོད་ཅེས་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆའོ་ཧུང་ཀྲིས་བཤད།
         མིག་སྔར་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་དེ་ཉིད་མཚོ་སྔོན་གྱི་ཀ་རྟེན་ཐོན་ལས་སུ་གྱུར་པའི་ནང་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་བཟོ་ལས་ཁྲོད་བཟུང་བའི་བསྡུར་ཚད་12.8%ཟིན་ནས་འོད་ཤུགས་དང་ལིས་གློག་ཆ་ཚང་བའི་ཐོན་ལས་སྒྲོག་ཐག་ཆེ་ཁག་གཉིས་གཞི་རྩའི་ཐོག་གྲུབ་པ་དང་། རྒྱུ་ཆ་གསར་པའི་ཐོན་ལས་ཐད་ཡང་བའི་ལྕགས་རིགས་ཀྱི་མཉམ་བསྲེས་ལྕགས་རིགས་རྒྱུ་ཆ་གསར་པ་དང་། གསར་དར་རྫས་འགྱུར་བཟོ་ལས་རྒྱུ་ཆ། གསར་དར་གློག་རྡུལ་རྒྱུ་ཆ་སོགས་ཐོན་ལས་མ་ལག་གྲུབ་ཡོད་པ་རེད།
         ཆའོ་ཧུང་ཀྲིས་མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་70%ཡན་གྱི་གློག་འབྱེད་ཧ་ཡང་ཐོན་རྫས་དག་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་བྱས་པ་བརྒྱུད་ཧ་ཡང་ཐད་འཚོང་དང་ས་ཆ་དེ་རང་དུ་ལས་སྣོན་ཞིབ་ཚགས་ཐུབ་ཡོད། དུས་མཚུངས་སྔོན་ཐོན་གྱི་ནུས་རྒྱུ་གྲོན་ཆུང་ལག་རྩལ་སྒྱུར་བཀོད་ཁྱད་གདལ་བཏང་བ་དང་སྦྲགས་མཚོ་སྔོན་ཞིང་ཆེན་གྱི་གློག་འབྱེད་ཧ་ཡང་ཁེ་ལས་ཀྱི་ནུས་རྒྱུ་ཟད་གྲོན་དང་སྦགས་བཙོག་དངོས་རྫས་ཕྱིར་འབུད་སྟོན་གྲངས་ཀྱང་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ལྕགས་རིགས་བསྲེས་མའི་ཁྱབ་ཁོངས་སུ་ནུས་རྒྱུ་ལག་རྩལ་སྒྱུར་བཀོད་དང་གཙང་ལྡན་ཐོན་སྐྱེད་ལག་རྩལ་ཚད་བརྒལ་བྱུང་བ་དང་སྦྲགས་ལས་རིགས་དེ་མཚོ་སྔོན་དུ་འཕེལ་རྒྱས་ཡག་པོ་བྱུང་ཡོད།
         འདི་ལོའི་ཟླ་གསུམ་པའི་ཟླ་འགོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁག་དང་པོར་རིགས་དབྱེ་ཐག་གཅོད་བྱས་པའི“འཕེལ་མེད་ཁེ་ལས”31གི་མིང་ཐོ་གཏན་འཁེལ་བྱས་པའི་ནང་ཁྲོམ་རའི་གསོན་ཤུགས་རྦད་དེ་ཉམས་པའི་ཁེ་ལས་18སྒོ་རྒྱག་ཏུ་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།