འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྱི་དར་རྩེ་མདོའི“11·22”ས་ཡོམ་གྱི་ཡོམ་ལྟེ་ལྕམ་པ་གྲོང་ཚོར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གྲོང་ཁུལ་ནས་དར་རྩེ་མདོའི“11·22”ཀྱི་ས་ཡོམ་ཡོམ་ལྟེ་ལྷ་སྒང་གྲོང་རྡལ་དུ་སྐྱོད་སྐབས། ལ་ཀླུང་མང་པོ་བརྒལ་དགོས་ཀྱི་འདུག དགུན་དུས་ས་མཐོའི་རི་ལམ་ཐོག་འཁྱགས་པ་ཐེབས་ཡོད་སྟབས། ཁ་ལོ་བས་གཟབ་གཟབ་ངང་རླངས་འཁོར་གཏོང་དགོས་ཀྱི་ཡོད་པ་དང་། ལྕམ་པ་གྲོང་ཚོར་འབྱོར་སྐབས་ཉིན་དགུང་ཟིན་གྲབས་འདུག
         ངས་མི་ཚོགས་ཁྲོད་ནས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་རྒྱལ་བཙལ་ནས་ཁོང་ལ་གནོད་འཚེ་ཕོག་པའི་དུད་ཚང་གི་བསྐྱར་སྐྲུན་གནས་ཚུལ་སྐོར་ལ་སྐད་ཆ་དྲིས་པ་ཡིན། ངེད་གཉིས་པོ་སྐད་བརྡ་མ་འཕྲོད་པས། ཀི་ཐར་རོལ་ཆ་དཀྲོལ་མཁན་གཞོན་ནུ་ཞིག་གིས་མ་སྐུལ་དང་བླངས་ངང་སྐད་སྒྱུར་བྱས་བྱུང་། ཁོ་པར་རྟ་མགྲིན་འགྱུར་མེད་ཟེར་ཞིང་། ལོ་ན་16སླེབས་ཀྱི་ཡོད་པ་དང་མི་ཉག་རྫོགས་ཆེན་སློབ་གྲྭར་དམའ་འབྲིང་ལོ་རིམ་གཉིས་པར་འགྲོ་གི་ཡོད་པས་རྒྱ་སྐད་ཕྲན་ཙམ་ཤེས་ཀྱི་འདུག
         སྐལ་བཟང་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོ་ཡོངས་ལ་གནོད་འཚེ་ཕོག་པའི་དུད་ཚང་319ཡོད་པའི་ནང་དུད་ཚང་165ཡི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས་པ་དང་དུད་ཚང་154ཡི་ཁྱིམ་གཞིས་ཉམས་གསོ་བྱེད་དགོས་ཀྱི་ཡོད། མིག་སྔར་དུད་ཚང་113གྱི་ཁྱིམ་གཞིས་བསྐྱར་སྐྲུན་ཟིན་ནས་དུད་ཚང་70ལྷག་ཙམ་ཁང་གསར་ནང་སྤོས་ཟིན་པ་དང་། དཔྱིད་གསར་དུས་ཆེན་གྱི་རྗེས་སུ་རྣམ་གྲངས་ཚང་མ་མུ་མཐུད་ལག་ལེན་བསྟར་བཞིན་ཡོད་པ་རེད།
         ང་བསྐྱར་སྐྲུན་དུད་ཚང་དུ་བཅར་འདྲིར་འགྲོ་རྩིས་ཡོད་པ་ཤེས་རྗེས། རྟ་མགྲིན་འགྱུར་མེད་ཀྱིས་ཁྱིམ་མཚེས་བསོད་ནོར་ཁྱིམ་དུ་འཁྲིད་བྱུང་། སྒོ་རའི་ནང་འཛུལ་རྗེས་བུ་ཆུང་ཞིག་གིས་ཆུ་འཁྱེར་ནས་ཨ་མའི་མགོ་བོ་འཁྲུ་རོགས་བྱེད་བཞིན་འདུག བསོད་ནོར་གྱིས“ས་ཡོམ་བརྒྱབ་ནས་ཁང་པར་གཏོར་སྐྱོན་ཕོག་རུང་རྒྱལ་ཁབ་ཀྱིས་འཕྲལ་མར་ང་ཚོའི་ཁང་པ་བསྐྱར་སྐྲུན་གནང་བྱུང་བས་རང་ཉིད་སེམས་ཁྲལ་བྱེད་དགོས་མ་བྱུང་། བསྐྱར་སྐྲུན་སྲིད་ཇུས་གཞིར་བཟུང་མི་3ཡན་ཡོད་པའི་དུད་ཚང་རེར་གུན་གསབ་དངུལ་སྒོར་ཁྲི་6ཡོད་པའི་ཁར། བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པའི་འཛུགས་སྐྲུན་ཁ་གསབ་མ་དངུལ་སྒོར་ཁྲི་2བསྣན་ཏེ་ཁང་པ་བསྐྱར་སྐྲུན་བྱས་པ་ཡིན། དུས་ཆེན་གོང་ནང་མི་5ཚང་མ་ཁང་པ་གསར་པའི་ནང་སྤོས་པ་ཡིན”ཞེས་བཤད་བྱུང་།
         རྟ་མགྲིན་འགྱུར་མེད་ཀྱི་ཁྱིམ་ནི་སི་ཁྲོན་གྱིས་ཞིང་འབྲོག་པའི་གཞིས་ཆགས་འཆར་གཞི་ལག་ལེན་བསྟར་སྐབས་བསྐྲུན་པ་ཞིག་ཡིན་ཞིང་། ཁང་པའི་འགོག་སྲུང་ཚད་གཞི་མཐོ་པོ་ཡོད་པར་བརྟེན་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་མེད། ཁོ་པས་ང་ཡིན་གཅིག་ཁོ་པའི་ཁྱིམ་ལ་ལྟ་བར་འགྲོ་དགོས་ཞེས་ཨུ་ཚུགས་བརྒྱབ་བྱུང་། ཁོ་པའི་ཁང་པའི་ནང་བོད་ལུགས་ཀྱི་མཛེས་བཟོ་བྱས་ཡོད་པ་དང་སྒྲིག་བཤོམ་བྱེད་སྟངས་གྲོང་ཁྱེར་ནང་གི་སྡོད་ཁང་དང་འདྲ་པོ་འདུག ཐོག་སོ་དང་པོར་ཐབ་ཚང་དང་གསང་སྤྱོད་དང་ད་དུང་ཕ་མའི་ཉལ་ཁང་ཡོད་པ་དང་། ཐོག་སོ་གཉིས་པར་ཚོམས་ཆེན་དང་མཆོད་ཁང་རེད་འདུག
         པད་མ་རྒྱལ་མཚན་དེ་སྔ་དགེ་འདུན་པ་ཞིག་ཡིན་པ་དང་ན་ནིང་ལོ་འགོར་མི་ཉག་རྫོགས་ཆེན་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ཁོང་གིས“གཅུང་པོས་སློབ་གྲྭར་ཤེས་བྱ་མང་པོ་སྦྱངས་འདུག་པ་དང་ད་དུང་ཀི་ཐར་གཏོང་ཤེས་པས་ང་ཡིད་སྨོན་ཆེན་པོ་སྐྱེ་གི་འདུག དེར་བརྟེན་ངའང་སློབ་སྦྱོང་བྱ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད། རྟ་མགྲིན་འགྱུར་མེད་ཀྱིས་གཅེན་པོའི་ཉལ་ཁྲིའི་མདུན་དུ་ཕྱིན་ནས་ས་སྟེང་དུ་ཟགས་པའི་དེབ་ཡར་སྒྲུགས།
         “ང་ཚོས་ཁོ་པར་ཤེས་བྱ་མང་ཙམ་སྦྱོང་དུ་འཇུག་འདོད་འདུག”ཅེས་ཕ་བཀྲ་ཤིས་རྡོ་རྗེས་བུ་རྒན་པར་རྒྱབ་སྐྱོར་ཆེན་པོ་བྱེད་ཅིང་། ཁོང་གིས་རྒྱ་སྐད་དེ་ཙམ་བདེ་པོ་མེད་པའི་ཐོག་ནས“རིག་གནས་མེད་ན་དངོས་གནས་ཐབས་རྡུག་རེད། ང་ཚོ་སློབ་གྲྭར་འགྲོ་མྱོང་མེད་པས་ཕྱི་ལ་འགྲོ་སྐབས་གང་ཡང་ཤེས་ཀྱི་མི་འདུག ལས་བྱེད་པ་ཚོས་ང་ཚོར་གཟིགས་པར་ཕེབས་ཀྱང་སྐད་བརྡའང་འཕྲོད་ཀྱི་མི་འདུག ཕྲུ་གུ་ཚོ་དེ་འདྲ་མ་ཆགས་པ་བྱེད་ཀྱི་ཡིན”ཞེས་བཤད།
         ལྕམ་པ་གྲོང་གསར་འཛུགས་སྐྲུན་བྱས་པ་དེས་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། བསམ་བློ་གཏོང་སྟངས་ཐད་ལའང་འགྱུར་ལྡོག་ཕྱིན་ཡོད། ཚུན་ཀྲང་བྱམས་པ་དར་རྒྱས་ཀྱིས“2006ལོའི་གོང་གྲོང་ཚོར་སློབ་མ་བཅུ་ལྷག་ཙམ་ལས་མེད་ལ། ལོ་རིམ་གསུམ་པ་ཡན་འགྲོ་མྱོང་མེད་པ་དང་། ཁྱིམ་ཀྱི་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་འཐུས་ནས་འཚོ་ཐབས་བྱེད་པ་ལས་གཞོན་ནུ་མང་པོ་ཞིག་ལ་འཚོ་ཐབས་གཞན་མེད། མིག་སྔར་གྲོང་ཚོའི་ནང་སློབ་མ་300ལྷག་ཙམ་ཟིན་པ་དང་མཐོ་འབྲིང་སློབ་མ་30ལྷག་ཙམ་དང་སློབ་ཆེན་སློབ་མ་4ཡོད། ཕྲུ་གུ་ཚང་མ་སློབ་གྲྭར་བསྐྱོད་ནས་རྗེས་སུ་ལས་ཀ་རག་རྒྱུའི་རེ་བ་ཡོད། དེས་ཀྱང་ང་ཚོའི་གྲོང་ཚོ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད”ཅེས་བཤད་བྱུང་།༼ འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཝང་མིང་ཧྥུང་གིས། ༽
      

    ཕྱོགས་བསྡུས་གསར་འགྱུར།