འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“བོད་སྡེ་གྲོང་ཚོ་ནི་ངའི་ཁྱིམ་ཡིན”

    —— ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བདེ་སྐྱིད་གཡང་འཛོམས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།“བོད་སྡེ་གྲོང་ཚོ་ནི་ངའི་ཁྱིམ་ཡིན”
         ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོའི་ཞིང་ཁའི་ནང་སློབ་ཆེན་ཐོན་པའི་གྲོང་དཔོན་དང་། བོད་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། ལས་ལ་བརྩོན་པའི་གྲོང་མི་དང་མཉམ་དུ་དཔྱིད་རྨོད་ལ་བྲེལ་ཞིང་དཔྱིད་རླུང་ཁྲོད་རེ་བའི་ས་བོན་འདེབས་བཞིན་འདུག
         སློབ་གྲྭ་ཐོན་རྗེས་ཞིང་ཁུལ་དུ་བསྐྱོད་ནས་གྲོང་གསེབ་ཏུ་རྩ་བ་བཙུགས་པ།
         ལྷ་སའི་གནམ་ཐང་གི་མྱུར་བགྲོད་ལམ་ནས་ནུབ་ཕྱོགས་སུ་སྤྱི་ལེ་30ལྷག་ཙམ་བསྐྱོད་ཚེ་ལྷ་ས་སྐྱིད་ཆུའི་ངོགས་སུ་ཆགས་པའི་བོད་སྡེ་གྲོང་ཚོ་མིག་ལམ་དུ་འཆར་བ་སྟེ། བོད་བཟོའི་ཐོག་ཁང་རེ་རེའི་ཐོག་སྐར་ལྔའི་དར་དམར་བཀལ་བ་དག་དཔྱིད་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
         སྐྲ་ལོ་བསྡམས་པ་དང་། དབུས་སྐད་གཙང་གཙང་ཞིག་རྒྱག་པ། ངོ་གདོང་ལས་འཛུམ་མདངས་འཕྱུར་བའི་གཞོན་ནུ་མ་དེ་ནི་གསར་འགོད་པའི་མིག་ནང་གི་བདེ་སྐྱིད་གཡང་འཛོམས་རེད། ཁོང་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སེམས་རྩ་འཁོལ་བའི་བུ་མོ་ཞིག་རེད།
         བོད་སྡེ་གྲོང་ཚོའི་མི་འབོར་དང་། ས་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ། སྐྱེ་དངོས་གཙོ་བོའི་ལོའི་ཐོན་འབབ་སོགས་ཀྱི་གཞི་གྲངས་སྐོར་འདྲི་སྐབས་བདེ་སྐྱིད་གཡང་འཛོམས་ཀྱིས་ལན་འཕྱུགས་པ་མེད་པ་ཞིག་བརྒྱབ་པ་དང་། གྲོང་ཚོའི་འཕེལ་རྒྱས་སྐོར་གླེང་སྐབས་ཁོང་གི་བསམ་ཕྱོགས་ཁ་གསལ་ལ་ཡང་དག་པ་ཞིག་ཀྱང་ཡོད།
         གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་བསྟན་འཛིན་ནོར་བུས“ཉིན་ལྟར་ཞོགས་པ་ཡར་ལངས་པ་ནས་ཕྱི་དྲོ་ཉི་མ་མ་བཞུད་བར་བདེ་སྐྱིད་གཡང་འཛོམས་ཀྱིས་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། གྲོང་མི་ཚོར་གནད་དོན་ཆེ་ཆུང་གང་ཞིག་འཕྲད་ནའང་སྐབས་དེར་བདེ་སྐྱིད་གཡང་འཛོམས་འཚོལ་བར་ཡོང་གི་ཡོད”ཅེས་བཤད།
         2010ལོར་བདེ་སྐྱིད་གཡང་འཛོམས་སློབ་ཆེན་ཐོན་རྗེས་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་པ་བརྒྱུད་ཆུ་ཤུར་རྫོང་གི“གྲོང་དཔོན”ཞིག་ཏུ་གྱུར། 2011ལོར་བོད་སྡེ་གྲོང་ཚོར་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པར་མངགས།
         “ཕལ་ཆེར་ཟླ་བ་གཅིག་ཀྱང་སྡོད་ཐུབ་ཀྱི་མ་རེད”“སློབ་ཆེན་ཐོན་པའི་བུ་མོ་དེ་འདྲ་ཞིག་གིས་དཀའ་ལས་དེ་འདྲ་རྒྱག་ཐུབ་བམ”ལ་སོགས། ཐོག་མར་གཞོན་ནུ་མ་དེ་གྲོང་མི་ཚོས་གླེང་མང་ཞིང་ཐེ་ཚོམ་བྱ་ཡུལ་ཞིག་ཏུ་གྱུར། བདེ་སྐྱིད་གཡང་འཛོམས་ཀྱི་སེམས་ལ་ཡང་གདེང་ཚོད་དེ་ཙམ་ཆེན་པོ་མེད། གང་ལགས་ཤེ་ན། ཆུང་བྱིས་པའི་དུས་ནས་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་བུ་མོ་ཞིག་གིས་གྲོང་གསེབ་ལ་རྒྱུས་མངའ་ཆེན་པོ་མེད་མོད། འོན་ཀྱང་ཕམ་ཁ་ཁས་ལེན་མི་འདོད་པའི་གཞོན་ནུའི་གཤིས་ཀ་འཇགས་པའི་ཁོང་གིས“གནད་ལུགས་རྒྱུ་མཚན་མང་པོ་བགྲངས་པ་ལས་དངོས་དངོས་རྗེན་རྗེན་གྱི་བྱ་བ་ཞིག་བསྒྲུབས་ཏེ་གྲོང་མི་ཚོར་བལྟ་རུ་འཇུག་རྒྱུའི”བློ་ཐག་བཅད་པ་རེད།
         ཡུད་ཙམ་ཞིག་ལ་ལས་ཀ་དེ་བྱས་ནས་ལོ་ལྔ་སོང་། ད་ཆ་ཁོང་གིས་བོད་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་གྱི་ཡོད།
         གྲོང་ཚོར་སླེབས་ནས་ཡུན་རིང་མ་སོང་བར་བདེ་སྐྱིད་གཡང་འཛོམས་བོད་སྡེ་གྲོང་ཚོས“བདེ་སྡོད་འདུ་འགོད་རིམ་སྤོར་སྒྱུར་བཀོད་དང་གྲོང་ཚོའི་ལས་དོན་དང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་འདུ་འགོད”ལག་བསྟར་བྱེད་པ་དང་ཏག་ཏག་འཁེལ་ཞིང་། ལས་དོན་དེ་ཁྱིམ་ཚང་དང་དུད་ཚང་མི་རེ་ངོ་རེ་དང་འབྲེལ་བའི་ཁར་བྱ་བ་ཆུང་ཙག་རྐྱང་རྐྱང་ཡིན། ཟླ་གསུམ་ལྷག་ཙམ་གྱི་དུས་ཚོད་ནང་ཁོང་གིས་ཉིན་ལྟར་གྲོང་ཚོའི་ཁྱིམ་ཚང་མི་རེ་ངོ་རེར་སྲིད་ཇུས་དྲིལ་བསྒྲགས་དང་ཞིབ་ཕྲའི་འགྲེལ་བཤད་རྒྱག་པ་ལ་སོགས་སུ་བསྐྱོད་ཡོད།
         “བདེ་སྐྱིད་གཡང་འཛོམས་ལ་གཙོ་ཆེ་ཤོས་འགན་སེམས་ཆེ་བ་དང་། སྡུག་པོ་མྱོང་ཐུབ་པ། བྱ་བ་སྒྲུབ་འདོད་པ། བྱ་བ་སྒྲུབ་མཁས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཁོང་ནི་གྲོང་མི་ཚོར་མཁོ་བ་དེ་རེད། ད་ཆ་གྲོང་མི་ཚོས་མཛའ་བརྩེའི་ངང་ཁོང་ལ‘ ཨ་ཅག ’ཅེས་འབོད་ཀྱི་ཡོད”ཅེས་བོད་སྡེ་གྲོང་ཚོའི་ཀྲུའུ་རེན་ཕུར་བུ་བཀྲ་ཤིས་ཀྱིས་བཤད།
         མ་མཐའི་འཚོ་བའི་འགན་ལེན་དུད་ཚང་གི་ཨ་མ་རྒན་མོ་སྤེན་པ་རྐང་པ་ཐང་པོ་མེད་སྟབས་རྟག་ཏུ་ཐོབ་ཐོང་ལག་ཁྱེར་དང་བཅོལ་འཛིན་བདེ་སྐྱིད་གཡང་འཛོམས་ལ་སྤྲད་དེ་རྫོང་ཞིང་ལས་དངུལ་ཁང་དུ་དངུལ་ལེན་པར་གཏོང་གི་ཡོད། རྒན་མོས“བདེ་སྐྱིད་གཡང་འཛོམས་ངའི་བུ་མོ་དང་ཁྱད་མེད”ཅེས་བཤད།
         དམངས་ཀྱི་གནས་ཚུལ་བརྟག་དཔྱད་དང་དམངས་ཀྱི་སེམས་ཁྲལ་བསལ་ནས་གྲོང་མི་ཚོ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་སྣེ་ཁྲིད་བྱས་པ།
         རྒྱབ་ཏུ་རི་དང་མདུན་ལ་ཤང་ཤང་དུ་རྒྱུག་པའི་ཆུ་མོ་དང་། གང་སར་བོད་བཟོའི་ཐོག་ཁང་གཉིས་ལྡན་གྱིས་ཁེངས་པ། གྲོང་ཚོའི་ཁོར་ཡུག་གཙང་བ། ལུས་སྦྱོང་ཐང་ཆེན་ལྡན་པ་བཅས་ཀྱི་བོད་སྡེ་གྲོང་ཚོར་གྲོང་མི་ཚོ་སྤྱིར་ན་བདེ་སྡོད་བྱུང་ཡོད། ཇི་ལྟར་བྱས་ཏེ་ཚང་མར་སྔར་བས་འབྱོར་ཕྱུག་གི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་བདེ་སྐྱིད་གཡང་འཛོམས་ཀྱི་བསམ་གཞིག་བྱེད་གཞི་ཞིག་ཏུ་གྱུར།
         ས་ཞིང་ཉུང་ལ་རི་མང་བའི་བོད་སྡེ་གྲོང་ཚོའི་གྲོང་མི་ཚོས་དེ་སྔོན་གཙོ་བོ་ནས་དང་པད་ཁ་འདེབས་ཀྱི་ཡོད། ནས་ནི་བོད་རིགས་མི་དམངས་ཀྱི་ཟས་གཙོ་བོ་དེ་ཡིན་མོད། འོན་ཀྱང་རིན་གོང་མཐོ་པོ་རག་གི་མེད་སྟབས་ལོ་གཅིག་གི་ཡོང་འབབ་དེ་འཚོ་བའི་ཟས་སོང་འདང་ཙམ་ལས་མེད།
         དེར་བརྟེན་བདེ་སྐྱིད་གཡང་འཛོམས་ཀྱིས་གྲོང་ཚོའི་ལས་བྱེད་པ་གཞན་དང་མཉམ་དུ་གྲོང་ཚོའི་ནང་ནས་སོན་གསར་པ“བོད་ནས་ཨང་2000”ཁྱབ་གདལ་བཏང་བ་རེད། ཁོང་ཚོས་གྲོང་ཁྱེར་དང་རྫོང་གི་ཞིང་ལས་རིགས་གཅིག་མཁས་པ་དང་ལག་རྩལ་མི་སྣ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་གདན་ཞུ་བྱས་པ་མ་ཟད། ད་དུང་བདེ་སྐྱིད་གཡང་འཛོམས་ཀྱིས་འདྲུད་འཐེན་འཁོར་ལོ་བཏང་ནས་གྲོང་མི་དང་མཉམ་དུ་ས་བོན་འདེབས་པ་དང་། རྫས་ལུད་རྒྱག་པ། རྩྭ་ངན་འཐུ་བ་བཅས་བྱེད་ཀྱི་ཡོད། གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལམ་བུ་གསར་འབྱེད་བྱ་ཆེད་གྲུབ་ཆ་ལེགས་སྒྲིག་བྱས་ནས་མཱ་ཁ་འདེབས་འཛུགས་དང་། བོད་བྱ་གསོ་ཚགས། གྲོང་མི་ཕྱིར་ལས་ཀར་བསྐྱོད་རྒྱུ་སྒྲིག་འཛུགས་ལ་སོགས་བྱས་ཡོད།
         སྟོན་དུས་སུ་སོན་གསར་འདེབས་འཛུགས་བྱས་པར་ལོ་ལེགས་བྱུང་སྟེ་མུའུ་རེ་ནས་འབབ་འཕར་སྒོར་700ལྷག་ཙམ་བྱུང་ཡོད། བོད་སྡེ་གྲོང་ཚོས“རྨོན་མཛོར”བརྟེན་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་ཆེད་བདེ་སྐྱིད་གཡང་འཛོམས་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཁོངས་མིས་ཐུན་མོང་ཐོག་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱས་ཏེ་གྲོང་ཚོ་རིམ་པའི་ཞིང་འཕྲུལ་མཉམ་ལས་ཁང་བཙུགས། ད་ཆ་བོད་སྡེ་གྲོང་ཚོ་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་ཞིང་འཕྲུལ་ཅན་གྱི་གྲོང་ཚོ་ཐོག་མར་གྱུར་ཏེ་ས་ཞིང་རྨོ་འདེབས་བསྡུ་གསུམ་འཕྲུལ་ཆས་ཅན་དུ་གྱུར་བ་མ་ཟད། ད་དུང་འཕྲུལ་ཆས་དག་ལ་བརྟེན་ཏེ་གྲོང་ཚོ་བརྒལ་ནས་ཡོང་འབབ་གསོག་པར་སྐྱོད་ཀྱི་ཡོད།
         ད་ཆ་བོད་སྡེ་གྲོང་ཚོ་དེ་ཉིད་སྔོན་མའི་གྲོང་ཚོ་དབུལ་པོ་ཞིག་ནས“ཁྱིམ་ཕྱུག་དང་། གྲོང་མཛེས། མི་འཆམ”བཅས་ཀྱི་སྔོན་ཐོན་གྲོང་ཚོ་ཞིག་ཏུ་གྱུར་ཡོད། མི་རེའི་ཆ་སྙོམས་ཡོང་འབབ་བདེ་སྐྱིད་གཡང་འཛོམས་གྲོང་ཚོར་མ་སླེབས་གོང་གི་སྒོར་6000ནས་ད་ཆའི་སྒོར་10200ལྷག་ཙམ་བར་འཕར་བ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་3000ཙམ་གྱིས་མཐོ་བ་ཡོད་པ་རེད།
         སེམས་ནང་མང་ཚོགས་ཡོད་ཚེ་དཀའ་སྡུག་ག་ཚོད་འཕྲད་ཀྱང་ཁྱད་བསད་ཐུབ་པ།
         2014ལོར་བོད་སྡེ་གྲོང་ཚོའི་གྲོང་མི་ལྷ་གཞིས་ལྕགས་ལམ་བརྒྱུད་ཀྱི་སྔོ་ལྗང་ལས་གྲྭར་ཞུགས་ཤིང་། ལས་མཇུག་འགྲིལ་རྗེས་སྒོར་ཁྲི་20ལྷག་ཙམ་གྱི་གླ་ཆ་འགན་གཙང་འགོ་པ་ཞིག་གིས་མ་སྤྲོད་པར་ནར་འགྱངས་བྱས་ཡོད། བདེ་སྐྱིད་གཡང་འཛོམས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སྡེ་ཚན་མང་པོ་ཞིག་ལ་མཐུན་སྦྱོར་བྱེད་པར་ཐེངས་མང་བསྐྱོད་པ་དང་འགན་གཙང་འགོ་པ་བཙལ་ནས་གྲོས་མོལ་བྱས་པ་བརྒྱུད་མཐར་གླ་ཆ་དེ་དག་ཚུར་རག་ཡོད།
         “འགན་འཁུར་ཕོད་ཅིང་གཞུང་དྲང་བ”གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་པ་སངས་ཚེ་རིང་གིས་གྲོང་ཚོའི་ཧྲུའུ་ཅི་གཞོན་ནུ་མ་དེར“ཁོང་ནི་གྲོང་མི་ཚོའི་ཁྲོད་དུ་སྙན་གྲགས་ཆེ་བ། གྲོང་མིར་གནས་ཚུལ་འཕྲད་སྐབས་བློ་རུ་ཐོག་མར་འཆར་བ་ནི་ཁོང་རེད”ཅེས་གདེང་འཇོག་བྱེད་ཀྱི་ཡོད།
         ན་ནིང་ཟླ་བདུན་པའི་ཉིན་ཞིག་གྲོང་མི་ཧོ་ཙུང་ཧའེ་ཡིས་དངུལ་བུན་གཡར་ནས་འདྲུད་འཐེན་འཕྲུལ་འཁོར་ཉོས་ཏེ་སྐྱེལ་འདྲེན་བྱེད་འདོད་ཆེན་པོ་བྱེད་མོད། འོན་ཏེ་ཟླ་བོ་སྤེན་པས་མོས་མཐུན་མ་བྱས་པས་ཁོང་གཉིས་པོ་ཁ་རྩོད་ཤོར་བ་དང་ཐ་ན་ལག་པ་ཡང་བཀྱག་དགོས་བྱུང་། སྤེན་པས་ངུ་གིན་བདེ་སྐྱིད་གཡང་འཛོམས་བཙལ་ཏེ“དྲང་པོ་དྲང་གཞག”གནང་རོགས་ཞེས་བཤད། བདེ་སྐྱིད་གཡང་འཛོམས་ཀྱིས་རྒྱུ་མཚན་བགྲངས་ནས་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་རྩོད་གཞི་སེལ་ཐུབ་པ་བྱུང་ལ་བཟའ་ཚོ་གཉིས་ཀྱང་སྔར་བཞིན་འཆམ་མཐུན་བྱུང་།
         ལོ་ལྔའི་རིང་བོད་སྡེ་གྲོང་ཚོར་ཉེས་དོན་དང་བདེ་འཇགས་ཐད་ཀྱི་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད་པ་དང་། གྲོང་ཚོ་དེ་གཉིས“རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་སྔོན་ཐོན་གྲོང་ཚོར”བདམས་པ། ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ལོར་རྫོང་ཡོངས་ཀྱི་མདུན་གྲལ་དུ་རྟག་ཏུ་སླེབས་པ་མ་ཟད། ད་དུང་གྲོང་ཚོའི་ཏང་ཀྲི་པུའུ་ཡང“ཕུལ་བྱུང་ཏང་ཀྲི་པུར”བདམས་ཡོད། བདེ་སྐྱིད་གཡང་འཛོམས་ལ་སྔ་རྗེས་སུ“སྔོན་ཐོན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི”དང་། “ཕུལ་བྱུང་ཏང་དོན་ལས་དོན་པ” “ཕུལ་བྱུང་གཞུང་ལས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
         གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ལོ་དེ་དག་རིང་བདེ་སྐྱིད་གཡང་འཛོམས་ཀྱིས་འཁོར་ཤག་ཐེངས་གཉིས་ལས་སྡོད་མྱོང་མེད་པ་དང་། ཁྱིམ་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་མྱོང་མེད་པ། ལོ་ལྟར་གྱི་སྐྱེས་སྐར་གཏོང་སྐབས་ཁོ་མོས་རྟག་ཏུ་གྲོང་ཚོར་ལས་རེས་བྱས་ནས་སྡོད་ཀྱི་ཡོད་པས་ཕ་མ་གཉིས་པོ་གྲོང་ཚོར་ཁོང་གི་སར་མི་ཡོང་ཀ་མེད་བྱུང་ཡོད།
         “དཀའ་སྡུག་མང་པོ་འཕྲད་རུང་དགའ་ཞིང་བློ་བདེ་པོ་དང་བདེ་སྐྱིད་དེ་བས་མང་པོ་བྱུང”བདེ་སྐྱིད་གཡང་འཛོམས་ཀྱིས“བོད་སྡེ་གྲོང་ཚོ་ནི་ངའི་ཁྱིམ་ཡིན་ལ་ངས་སེམས་ཁྲལ་ཆེ་ཤོས་བྱ་ཡུལ་ཞིག་ཀྱང་ཡིན། ངས་གྲོང་མི་ཚོ་དང་མཉམ་དུ་འབད་བརྩོན་གྱིས་ཚང་མ་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་པའི་འདུན་པ་ཆེན་པོ་འཆང་གི་ཡོད”ཅེས་བཤད་བྱུང་།
    ༄༅།།“བོད་སྡེ་གྲོང་ཚོ་ནི་ངའི་ཁྱིམ་ཡིན”
      

    ཕྱོགས་བསྡུས་གསར་འགྱུར།