འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་སྒྲིལ་ནུས་འདུས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བོད་ཀྱི་
    འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ།

    བློ་བཟང་རྒྱལ་མཚན་མི་དམངས་དྲ་བའི་རྒྱལ་སྟོབས་གླེང་སྟེགས་ཐོག་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སེམས་སྒྲིལ་ནུས་འདུས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བོད་ཀྱི་
འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་14ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་མི་དམངས་དྲ་བའི་རྒྱལ་སྟོབས་གླེང་སྟེགས་ཐོག་ཕེབས་ནས་དམངས་འཚོ་སྔོན་ལ་འཇོག་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ། དབུལ་སྒྲོལ་འགག་སྒྲོལ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ལ་དམིགས་ནས་དྲ་བའི་ཐོག་དྲ་གྲོགས་དང་སྤེལ་རེས་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་70%ཡན་གྱི་ནོར་ཤུགས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ་དང་ལོ་ལྔ་བསྟུད་མར་དམངས་འཚོའི་དོན་དངོས་བཅུ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་པའི་ཐོག་ལོ་ལྔ་བསྟུད་མར་ཚད་གཞི་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་བར་བརྟེན་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོ་མངོན་འགྱུར་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་སྐྱོང་སྔོན་ལ་མངོན་འགྱུར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་སྨན་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་སྔོན་དུ་མངོན་འགྱུར་བཅས་བྱུང་ནས་དམངས་འཚོ་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། སློབ་གསོའི་ཐད་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་རྣམས་གྲོང་ཁྱེར་ནང་གི་ཕྲུ་གུ་དང་འདྲ་བར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། སློབ་མར་རོགས་དངུལ་ཐོག་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མ་ལག་སློབ་ཞུགས་གོང་ནས་མཐོ་རིམ་སློབ་གསོའི་དུས་མཚམས་བར་ཁྱབ་པ་དང་། མཐོ་སློབ་ཀྱིས་ཞིང་འབྲོག་པའི་ཕྲུ་གུ་སློབ་བསྡུ་བྱེད་པའི་བསྡུར་ཚད་70%ཟིན་ནས་སློབ་གྲྭར་སྐྱོད་དགོས་པ་རྣམས་སློབ་གྲྭར་སྐྱོད་ཐུབ་པ་དང་རོགས་རམ་བྱེད་དགོས་སར་རོགས་རམ་ཐུབ་པ་བྱུང་ཡོད། སྨན་བཅོས་འཕྲོད་བསྟེན་ཐད་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་དང་སྨན་རིན་སྤྲོད་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞིར་བྱས་པའི་སྨན་བཅོས་ལམ་ལུགས་མི་དམངས་ཡོངས་དང་ལྷག་དོན་དུ་ཞིང་འབྲོག་མང་ཚོགས་ལ་ཁྱབ་སྟེ་མི་སེར་ཚོ་ནད་ལྟ་སྐབས་སྨན་རིན་སྤྲོད་མི་དགོས་པ་དང་། ནད་གཞི་ཆུང་གྲས་རྫོང་དང་ཤང་ནས་བཅོས་པ་དང་ནད་ཆེན་ལ་འགན་བཅོལ་ལག་བསྟར་བྱས་ཡོད། སྤྱི་ཚོགས་འགན་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ནས“གཅིག་སྡུད་གཉིས་ཀྱི་འདུ་འགོད”ཕྱོགས་ཡོངས་ནས་ལེགས་བསྒྲུབས་བྱས་པ་དང་ལྗོངས་ཡོངས་ཀྱི་མི་ཧྲེང་རྒན་རྒོན་5600ལྷག་ཙམ་དང་དྭ་ཕྲུག་11000ལྷག་ཙམ་ཚང་མར་བསྙེན་བཀུར་དང་གསོ་སྐྱོང་བྱས་པར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
         དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཅིང་། བློ་བཟང་རྒྱལ་མཚན་གྱིས་ལོ་ལྔའི་རིང་སྐུལ་མ་ཤུགས་ཆེན་བཏང་བ་བརྒྱུད་བོད་ཀྱི་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་ཆུ་ཚད་དང་ཕྱོགས་བསྡུས་འགན་ལེན་ནུས་པ་ཆེ་རུ་ཕྱིན་ནས་ཕན་ཚུན་མཐུད་སྦྲེལ་གྱི་དུས་མཚམས་གསར་པར་སླེབས་ཡོད། ན་ནིང་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་7.8དང་། གྲོང་གསེབ་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་99% རིམ་མཐོའི་གཞུང་ལམ་སྤྱི་ལེ་300བཅས་ཟིན་གྱི་ཡོད་ལ། རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་མ་ལམ་རིམ་མཐོ་ཅན་དུ་འགྱུར་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་ཅན་དུ་འགྱུར་རྒྱུ། རྒྱལ་སྲུང་གཞུང་ལམ་ཤར་བགྲོད་ཐུབ་རྒྱུ་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ལྕགས་ལམ་ཐད་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་སྟེ། མཚོ་བོད་ལྕགས་ལམ་དང་དེ་བཞིན་ལྷ་གཞིས་ལྕགས་ལམ་བསྐྲུན་པ་དང་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་ཕྱོགས་ཡོངས་ནས་ལས་འགོ་བཙུགས་པ་དེས་བོད་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་མི་རིགས་ཁག་གི་མི་དམངས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་ཤུགས་ཆེན་ཐེབས་ཡོད། མཁའ་འགྲུལ་ཐད་རྒྱལ་ནང་གི་མཁའ་ལམ་63བར་མང་དུ་ཕྱིན་པ་དང་གྲོང་ཁྱེར་40ལ་མཁའ་ལམ་ཤར་གཏོང་ཐུབ་ཡོད་ཅེས་གསུངས་པ་རེད།
         བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་དེ་བཞིན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འབད་འཐབ་བཅས་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཐད་ང་ཚོར་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ཆེད་དོན་དང་། ལས་རིགས། སྤྱི་ཚོགས། དངུལ་རྩ། བོད་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གནད་སྨིན་དབུལ་སྒྲོལ་བྱ་རྒྱུ་ཁྱབ་སྤེལ་གཏོང་བ། དབུལ་སྐྱོར་བྱ་ཡུལ་དབྱེ་འབྱེད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ་དང་། ས་གནས་གཞན་དུ་གནས་སྤོ་བྱས་ནས་ཁག་གཅིག་དབུལ་སྒྲོལ། སྣོད་བཅུད་ཁ་གསབ་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ། སློབ་གསོ་འཕེལ་རྒྱས་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ། སྤྱི་ཚོགས་འགན་ལེན་ཐད་ཁག་གཅིག་མཐའ་སྐྱོང་བཅས་བྱས་ཏེ་2020ལོར་སླེབས་སྐབས་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འཕུད་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་རང་ཉིད་ཀྱི་མིག་འབྲས་དང་ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་བརྟན་དུ་བཏང་བར་བརྟེན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཆེན་པོ་ཐོབ་པ་མ་ཟད། མྱོང་ཚོང་ཡང་ཟབ་མོ་བྱུང་ཡོད་ཅེས་གསུངས་པ་རེད།
          བཅར་འདྲི་མཇུག་སྒྲིལ་རྗེས་བློ་བཟང་རྒྱལ་མཚན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ལི་པའོ་ཧྲན་དང་བོད་དང་འབྲེལ་བ་ཡོད་པའི་གསར་འགྱུར་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་མོལ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།