འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་2016ལོར་མ་དངུལ་སྒོར་དུང་ཕྱུར་8བཏང་ནས་གཙང་གསུམ་ཆུ་འགོའི་
    སྣོད་བཅུད་མ་ལག་ཉམས་གསོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་18ཉིན་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་8བཏང་སྟེ་ཐང་རྒོད་ཕྱོགས་བསྡུས་བཅོས་སྐྱོང་དང་། རི་རྒྱ་ནགས་གསོ། ཕྱུགས་གསོ་ཁང་འཛུགས་སྐྲུན། ཞིང་འབྲོག་པ་ཐོན་སྐྱེད་གཞན་སྒྱུར་གསོ་སྦྱོང་སོགས་སྣོད་བཅུད་སླར་གསོའི་རང་བཞིན་གྱི་ལས་གྲྭ་ཁག་གཅིག་གཙོ་གནད་ཐོག་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         “འདི་ལོ་ལས་གྲྭ་ལག་ལེན་ཐད་དམིགས་སའི་རང་བཞིན་ལྡན་པའི་ངང་ཕྱུགས་གསོ་ཁང་འཛུགས་སྐྲུན་དང་ཐོན་ལས་གསུམ་པའི་ལས་ཞུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་ཁུལ་གྱི་ཞིང་འབྲོག་པའི་ཡོང་འབབ་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད”དེ་དང་ཆབས་ཅིག་གཙོ་གནད་ལས་གྲྭའི་ཁྱབ་ཁོངས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་རྣམ་གྲངས་གཙོ་གཉེར་སྡེ་ཚན་གྱིས་ཚན་རིག་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཐོག་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཐད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད་ཅེས་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཞའོ་ནན་གྱིས་བཤད་པ་རེད།
         ལི་ཞའོ་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོའི་ཟླ་དང་པོར་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཚུན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལས་གྲྭར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་12ལྷག་ཙམ་ཟིན་པ་དང་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་དང་། བྱེ་ཐང་ཅན་དུ་འགྱུར་བ་བཅོས་སྐྱོང་། འདམ་ར་སྲུང་སྐྱོང་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བར་ཕན་འབྲས་བཟང་པོ་ཐོན་ཡོད། ལྟ་ཞིབ་ཚད་འཇལ་གྲངས་གཞི་ལས་མངོན་པར། གཙང་གསུམ་ཆུ་འགོའི་རིགས་ཁག་གི་སྣོད་བཅུད་མ་ལག་ཉེ་བའི་ལོ་གཉིས་ནང་བརྟན་པོའི་ངང་སླར་གསོ་ཐུབ་ཡོད་པ་རེད།
         གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དང“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། 2014ལོའི་ཟླ་དང་པོར་མ་དངུལ་སྒོར་དུང་ཕྱུར་75བཏང་བའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་དུས་ཐེངས་དང་པོའི་རྣམ་གྲངས་ལག་ལེན་བསྟར་རྗེས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།