འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཆབ་སྲིད་མཁས་དབང་ཅ་ལི།

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་སྐུ་ཞབས་པུའུ་ཐེ་ལུའོ་སི·ཅ་ལིར་རྗེས་དྲན་ཞུ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཆབ་སྲིད་མཁས་དབང་ཅ་ལི།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཐོག་དྲུག་པའི་དྲུང་ཆེ་སྐུ་ཞབས་ཅ་ལི་ཚེ་ལས་འདས་པའི་གནས་ཚུལ་དེ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཡིས་ང་ལ་གསུངས་བྱུང་། ཁོང་འཕྲལ་དུ་ཨེ་ཅིབ་ཏུ་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོར་ཕེབས་རྒྱུ་ཡིན་པའི་དབང་གིས་དེ་གོང་ང་ཚོ་ཕ་རི་སིར་ཐུག་འཕྲད་བྱ་རྒྱུའི་སྐོར་དེ་ད་ཆ་ནར་འགྱངས་མི་བྱེད་ཀ་མེད་བྱུང་། རང་ཉིད་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་ཐོག་ཁང་གི་ཐོག་སོ་བདུན་པར་ཡོད་པའི་སྐུ་ཞབས་ཅ་ལིའི་གཞུང་ལས་ཁང་དུ་སླེབས་སྐབས་གཞུང་ལས་ཁང་གི་སྒོ་བརྒྱབ་འདུག ཐོག་ཁང་གི་ཕྱི་རུ་དཔྱིད་འགོའི་གྲང་རླུང་ལྡང་བ་དང་སྦྲགས་ཁ་བའི་འདབ་མ་ལྷབ་ལྷབ་ཏུ་ཟགས་ཤིང་། སྐབས་དེར་ང་ཚོ་བཞག་ནས་སྐུ་རྐྱང་དུ་ཕེབས་པའི་བྱམས་བརྩེ་ཆེ་བ་དང་། བསྟན་བཤིག་ཚ་བ། གཤིས་ཀ་གྱོང་བ་བཅས་ཀྱི་བགྲེས་སོང་དེ་ངའི་བློ་རུ་ལྷང་ལྷང་དུ་འཆར་བྱུང་།
         ང་དང་སྐུ་ཞབས་ཅ་ལི་དབར་གྱི“ཁྱིམ་མཚེས”ཀྱི་ལས་དབང་།
         སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་ཐོག་ཁང་གི་ཐོག་སོ་བདུན་པར་གཞུང་ལས་ཁང་གཉིས་རང་ལས་མེད། གཅིག་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ལས་རོགས་ཀྱི་གཞུང་ལས་སྒྲུབ་ཡུལ་རེད། གཞན་དེ་ནི་སྐུ་ཞབས་ཅ་ལིར་ཆེད་མངགས་བཞག་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་འཁུར་མཚམས་བཞག་རྗེས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དེ་ཉིད་ཁོང་གི་གཏན་འཇགས་ཀྱི་ཕྱག་ལས་གནང་ཡུལ་ཞིག་རེད། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་བཅུ་བདུན་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་བྱས་པའི་ལོ་གཉིས་རིང་ལ་ང་དང་སྐུ་ཞབས་ཅ་ལི་གྱང་བཅད་གཅིག་ལས་མེད་པའི“ཁྱིམ་མཚེས”ཡག་པོ་ཞིག་ཏུ་གྱུར།
         ངས་ད་ལྟའང་སྐུ་ཞབས་ཅ་ལི་དང་ཐུག་འཕྲད་ཐེངས་དང་པོ་བྱུང་བའི་སྐོར་གསལ་པོ་དྲན་གྱི་འདུག ཉིན་དེར་ངའི་ལས་རོགས་ཀྱིས་གློ་བུར་དུ་ང་ལ་སྐུ་ཞབས་ཅ་ལིས་ཀྲུང་གོ་བ་ཞིག་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ་གོ་ཐོས་བྱུང་། དེ་ནི་དགའ་འོས་པ་ཞིག་རེད། “གྲོང་པ་གསར་པ”དེ་དང་ངེས་པར་དུ་ཐུག་འཕྲད་ཐེངས་གཅིག་བྱེད་དགོས་ཡོད་ཅེས་གསུངས་ཀྱི་འདུག་ཅེས་བཤད་བྱུང་། དེའང་ངས་ཡུན་རིང་རེ་སྒུག་བྱས་པའི་བྱ་བ་ཞིག་ཡིན་པ་ནི་སྨོས་ཅི་དགོས། ཀྲུང་གོའི་གོམས་སྲོལ་ལྟར་ན་ངས་ཁོང་གི་སྐུ་མདུན་དུ་བཅར་དགོས་ཀྱི་ཡོད། ཡིན་ནའང་ཁོང་གིས་ཞལ་གཏན་ནས་མ་བཞེས་པར་ཁོང་སྐུ་ངོ་མ་ངའི་སར་ཕེབས་བྱུང་། འཁར་རྒྱུག་བསྣམས་ཤིང་སྒལ་པ་གཞུ་ལྟར་གུག་པའི་བགྲེས་སོང་ཁོང་ངའི་གཞུང་ལས་ཁང་གི་སྒོ་རྩར་ཕེབས་ཏེ་འཛུམ་དམུལ་དམུལ་ངང་སྐད་གསང་མཐོན་པོས“ཁམས་བཟང་། སྟག་ཤར་གཞོན་པ”ཞེས་གསུངས་ཀྱི་འདུག ངས་དེ་མ་ཉིད་དུ་ཁོང་གི་གམ་དུ་བཅར་ནས་བསུ་བ་ཞུ་སྐབས་ཁོང་གིས་ངའི་ལག་དམ་པོར་བཟུང་བ་དང་སྦྲགས་གཡོ་ཟོལ་སྤུ་ཙམ་ཡང་མེད་པའི་སྤྱན་ཟུང་གིས་ང་ལ་གཟིགས་བཞིན“ཀྲུང་གོ་བའི་གལ་འགངས་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་འཁུར་བ་ད་གཞི་ནས་མཐོང་བྱུང་། ང་ལྟའི་ཆར་གནས་ཚུལ་དེ་མཐོང་འདོད་བྱེད་མཁན་ཕྱི་རྒྱལ་བ་ཧ་ལམ་མེད། ངས་བཤད་པ་རང་གིས་ཡིད་ཆེས་སམ། ཀྲུང་གོའི་དེང་དུས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། འཛམ་གླིང་གིས་ཀྲུང་གོའི་གསུང་སྒྲ་ཉན་པའི་དུས་ལ་བབས་འདུག དེ་ནི་འཛམ་གླིང་གསུམ་པའི་རྒྱལ་ཁབ་ལ་ཆ་མཚོན་ན་གཏམ་བཟང་ཞིག་རེད”ཅེས་གསུངས་བྱུང་།
         ཕན་ཚུན་ཐུག་འཕྲད་བྱུང་ཐེངས་དེར་སྐུ་ཞབས་ཅ་ལིས་ང་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཞེས་པའི་རྒྱལ་སྤྱིའི་སྒྲིག་གཞིའི་ནང་ལུགས་མཐུན་གཞུང་དྲང་དང་། དྲང་བདེན་སྲུང་སྐྱོང་། རྩ་དོན་མཐའ་འཁྱོངས་བཅས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་ཞེས་བསླབ་བྱ་གནང་བྱུང་། གཏམ་གླེང་མཇུག་འགྲིལ་རྗེས་ངས་ཁོང་གི་གཞོགས་གཅིག་ནས་སྐྱོར་ཏེ་ཁོང་གི་གཞུང་ལས་ཁང་དུ་ཕེབས་སྐྱེལ་ཞུས་པ་ཡིན། བར་ཁྱམས་དཀྱིལ་གྱི་ང་གཉིས་ཀྱི་གཞུང་ལས་ཁང་དབྱེ་འཕྲལ་གཅོད་སའི་སྒོ་རྩར་སླེབས་སྐབས་ཁོང་གིས་གློ་བུར་དུ་ཕེབས་མཚམས་བཞག་ནས་གཤིས་ཀ་གྱོང་བའི་ཕྲུ་གུ་ཞིག་དང་འདྲ་བར“ད་ཡོང་མི་དགོས། ང་ལ་དམིགས་བསལ་བྱེད་པའི་དགོས་པ་མེད། ང་རང་རྐང་པོ་ཐང་པོ་མེད་ནའང་གཞོན་ནུ་ལྟ་བུའི་སེམས་ཤིག་ཡོད”ཅེས་གསུང་གིན་འཁར་རྒྱུག་གིས་ས་ངོས་སུ་ཐིག་ཅིག་འཐེན་ཏེ་རང་རློམ་ཆེན་པོས“ལྟོས་དང་། འདི་ང་གཉིས་ཀྱི‘འཕྲེད་ཐིག་སོ་བརྒྱད་པ་ཡིན། འདི་ཕྱོགས་ནི་ངའི་དང་ཕར་ཕྱོགས་ནི་ཁྱེད་ཀྱི་རེད། ད་ནས་བཟུང་ངའི་ཆོག་མཆན་མ་ཐོབ་ན་ཁྱེད་ངའི་མངའ་ཁོངས་སུ་འཛུལ་མི་ཆོག ‘འཕྲེད་ཐིག་སོ་བརྒྱད་པ’རུ་ང་འགྲོ་མྱོང་ཡོད”ཅེས་གསུངས་མཇུག་འགྲིལ་རྗེས་བགྲེས་སོང་ཁོང་གིས་འཛུམ་བག་བསྟན་ཞིང་ཁྱ་རེ་ཁྱོ་རེའི་ངང་གཞུང་ལས་ཁང་གི་ཕྱོགས་སུ་ཕེབས་སོང་། ཁོང་གི་བསྟན་བཤིག་ཚ་བའི་བཀའ་མོལ་དེས་ཚང་མ་གད་མོ་ཤོར། ཁོང་ཅུང་ཁྱ་རེ་ཁྱོ་རེའི་ངང་གཞུང་ལས་ཁང་ཕྱོགས་སུ་ཕེབས་པར་རྒྱབ་ནས་ལྟ་བའི་སྐབས་འདིར་ང་ལ་ལྷག་བསམ་རྣམ་པར་དག་པའི་བགྲེས་སོང་ཞིག་དང་། དགེ་བའི་བཤེས་གཉེན་བཟང་པོ་ཞིག གྲོང་པ་ཁྱིམ་མཚེས་ཡག་པོ་ཞིག་བཅས་ཡིན་པའི་བགྲེས་སོང་ཁོང་དང་འཕྲད་པ་ནི་རང་ཉིད་ཀྱི་བསོད་བདེ་ཡིན་པའི་ཚོར་སྣང་ཆེན་པོ་བྱུང་།
         སྐུ་ཞབས་ཅ་ལི་དང་ཀྲུང་གོའི་དབར་གྱི་བརྩེ་དུང་།
         སྐུ་ཞབས་ཅ་ལི་ནི་ཀྲུང་གོའི་ཇ་ལ་ཤིན་ཏུ་མཉེས་པོ་ཡོད་པ་ཞིག་རེད། ཁོང་གིས་འཛམ་གླིང་འདིའི་ཐོག་ཀྲུང་གོའི་ཇ་ལྟར་ཟས་འཇུ་བའི་དངོས་པོ་གཞན་མེད་ཅེས་གསུངས་ཀྱི་འདུག དེས་ན་ངས་རྒྱུན་དུ་ཁོང་ལ་ཇ་ལོ་ཕྲན་བུ་འབུལ་གྱི་ཡོད། ཇ་སྦོང་བ་ནི་ཁོང་གིས་ང་ལ་བྱེད་དུ་བཅུག་གནང་བའི་བྱ་བ་གཅིག་པུ་དེ་རེད། ངས་ཀྱང་སྐུ་ཞབས་ཁོང་ལ་ཇ་སྦོང་བ་དང་སྦྲགས་ཇའི་སྐོར་གྱི་ཤེས་བྱ་བརྗོད་པར་འདོད།
         ཁོང་གིས་རང་ཉིད་ཀྲུང་གོ་མི་དམངས་ལ་དགའ་ཞེན་ཆེ་བ་དང་ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད་ཅེས་གསུངས་ཀྱི་འདུག ཁོང་གི་གསུངས་པ་དངོས་གནས་རེད། ཁོང་གིས་ཀྲུང་གོར་ལྟ་ཞིབ་དང་ཤེས་རྟོགས་གནང་བ་དང་ཀྲུང་གོའི་ནུས་པར་མཐོང་ཆེན་དང་ཁས་ལེན་གནང་བ་དེ་ང་དང་འབྲེལ་གཏུག་བྱུང་བའི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་ཁྲོད་མཐོང་དཀོན་པ་ཞིག་རེད་འདུག སྐུ་ཞབས་ཁོང་གིས་ང་ལ་དུས་རབས་གོང་མར་ཁོང་ཀྲུང་གོར་འཚམས་འདྲིར་ཐེངས་དང་པོར་ཕེབས་པའི་མྱོང་ཚོར་གསུང་སྐབས་ཀྲུང་གོའི་ལོ་ངོ་ལྔ་སྟོང་གི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཤེས་རྟོགས་བྱུང་རྗེས་རང་ཉིད་ཧང་སངས་བྱུང་ཞེས་གསུངས་ཀྱི་འདུག སྐབས་དེར་ཁོང་གིས་ཀྲུང་གོས་རང་ཉིད་ཀྱི་ལམ་དུ་ཡིད་ཆེས་ཆེན་པོས་བསྐྱོད་དགོས་པའི་ངོས་འཛིན་གནང་གི་འདུག
         ཁོང་གིས་སྐུ་ཞབས་ཏེང་ཞའོ་ཕིང་ལ་དད་བཀུར་ཆེན་པོ་གནང་ལུགས་ཡང་ཡང་གསུངས་པ་དང་འབྲེལ་སྐུ་ཞབས་ཏེང་ཞའོ་ཕིང་མཇལ་རྒྱུ་མ་བྱུང་བ་ནི་ཚེ་འདིའི་གནོང་འགྱོད་ཆེ་བའི་བྱ་བ་ཞིག་ཡིན་ཞེས་གསུངས་ཀྱི་འདུག ང་དང་ཐུག་འཕྲད་བྱུང་རིམ་བཞིན་ཁོང་གིས“སྒྱུར་བཅོས་སྒོ་དབྱེ”དང“ཚོགས་ཆེན་བཅོ་བརྒྱད་པ”ལ་སོགས་པའི་སྐོར་གླེང་འདོད་ཆེན་པོ་གནང་ཞིང་། གླེང་མོལ་བྱེད་རིང་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་བསྔགས་བརྗོད་ཡང་ཡང་གནང་གི་འདུག སྐུ་ཞབས་ཅ་ལིས་ཀྲུང་གོ་དང་ཨེ་ཅིབ་ནི་ལོ་ངོ་སྟོང་ཕྲག་འགའ་ཞིག་གི་ཤེས་དཔལ་ལོ་རྒྱུས་ལྡན་པ་ཞིག་རེད། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚང་མས་ཕན་ཚུན་གཉིས་པོའི་གནའ་བོའི་མཚན་ཉིད་རིག་པའི་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་དགོས་ཞེས་རྟག་ཏུ་གསུངས་ཀྱི་འདུག
         སྐུ་ཞབས་ཅ་ལི་ཡི་འཛམ་གླིང་ཕུགས་འདུན།
         སྐུ་ཞབས་ཅ་ལི་ཡིས་ང་ལ་ཁོང་གི་སྤོ་བོ་ནི་ཨེ་ཅིབ་ཀྱི་དེ་སྔའི་ཙུང་ལི་རེད། ཁོང་གིས་ལོ་མང་རིང་ཨེ་ཅིབ་ཕྱི་འབྲེལ་རྒྱལ་དོན་པུའུ་ཀྲང་གི་འགན་འཁུར་མྱོང་ཡོད་པ་མ་ཟད། ཕྱིས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཡང་གནང་མྱོང་ཡོད་ཅེས་གསུངས་བྱུང་།
         ཁོང་གིས་རིག་གནས་ཀྱི་སྟོབས་ཤུགས་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་འདུག ཁོང་གིས་དགོད་བྲོ་བའི་ངང་ང་ལ་རང་ཉིད་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་ཡོང་དོན་གསུངས་བྱུང་། ཁོང་གིས“ཆབ་སྲིད་ཆེད་ཚེ་གང་འཐབ་རྩོད་བྱས་རྗེས་ངས་རིག་གནས་ནི་ཆེས་ནུས་ལྡན་གྱི་མཚོན་ཆ་ཞིག་ཡིན་པ་གཞི་ནས་ཤེས་བྱུང་། དེས་མ་ཚད་ངའི་ལོ་འདི་ཙམ་ལ་སླེབས་སྐབས་དུས་ཚོད་ལྷག་མ་རྣམས་འཆར་ཡན་གྱི་བྱ་བ་བསྒྲུབ་རྒྱུར་འཇོག་དགོས་ཀྱི་འདུག དེ་འདྲ་མ་རེད་དམ”ཞེས་གསུངས་བྱུང་།
         2014ལོའི་ཟླ་3ཚེས་27ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚམས་འདྲི་གནང་སྐབས་གསུང་བཤད་གལ་ཆེན་གནང་བ་མ་ཟད། ད་དུང་ཤེས་དཔལ་གྱི་ལྟ་བ་གསར་པའི་འདུ་ཤེས་གལ་ཆེན་ཞིག་ཀྱང་བཏོན་གནང་བ་རེད། སྐུ་ཞབས་ཅ་ལི་སྐུ་གཟུགས་མི་བདེ་བའི་དབང་གིས་ཚོགས་འདུར་ཞུགས་ཐུབ་མེད་མོད། འོན་ཀྱང་ཁོང་གིས་ཞིས་ཀྲུའུ་ཞིའི་གསུང་བཤད་ལ་དོ་ཁུར་ཆེན་པོ་གནང་བ་མངོན་གསལ་དོད་པོ་རེད། ང་ཚོ་ཐུག་འཕྲད་བྱུང་རྗེས་ཀྱི་གླེང་མོལ་ཐེངས་ཤིག་ནང་ཁོང་གིས་སེམས་འགུལ་ཐེབས་པའི་ངང་ང་ལ“གསུང་བཤད་ཧ་ཅང་ཡག་པོ་གནང་སོང་། དེ་ནི་ཤེས་དཔལ་གྱི་ལྟ་བ་གསར་པ་ཞིག་རེད། འཛམ་གླིང་ཤེས་དཔལ་གྱི་ཆོས་ལུགས་འདུམ་འགྲིག་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་འདུ་ཤེས་ཤིག་ཏུ་འགྱུར་སྲིད”ཅེས་གསུངས་བྱུང་། 2015ལོའི་རྒྱལ་སྤྱིའི་ཐོག་ཡང་ཡང་ཐོན་པའི་འགལ་བ་ཁག་གཅིག་ལ་དམིགས་ནས་ཁོང་གིས་སེམས་ཁྲལ་ཆེན་པོས“འགལ་བ་དེ་དག་སེལ་མཇུག་འགྲིལ་མེད། ད་དུང་གནས་ཚུལ་ཐོན་རྒྱུ་རེད། ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་དཔེར་འཛིན་དགོས་པ་མ་རེད་དམ། འཛམ་གླིང་ནི་ངོ་མཚར་ཆེ་བ་དང་། ཞི་བདེ་ལྡན་པ། ཕན་ཚུན་བརྩི་འཇོག་ཐུབ་པ་བཅས་ཡིན་དགོས”ཞེས་གསུངས་བྱུང་།
         སྐུ་ཞབས་ཅ་ལི་ཡི་བརྩེ་སེམས་ཟབ་མོ།
         ང་དང་སྐུ་ཞབས་ཅ་ལི་དབར་གྱི་ཐུག་འཕྲད་མཐའ་མ་དེ་2015ལོའི་ཟླ་དང་པོར་ཡིན་ཞིང་། ངས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚབ་ཞུས་ནས་ཨེ་ཅིབ་ཀྱི་ཤིས་ན་ཕྱེད་གླིང་གི་ཧྲ་མུའུ་ཧྲ་དབྱེ་ཧེ་རུ་ཨ་རབ་ས་ཁུལ་གྱི་མཐོ་རིམ་སློབ་གསོ་པུའུ་ཀྲང་གི་ཚོགས་འདུར་ཞུགས་པ་ཡིན། སྐུ་ཞབས་ཅ་ལིས་གནས་ཚུལ་དེ་གོ་ཐོས་བྱུང་རྗེས་ཕ་རི་སི་ནས་ཆེད་མངགས་ཨེ་ཅིབ་ཏུ་ཕེབས་ཏེ་ཁའེ་ལོའོ་གྲོང་ཁྱེར་གྱི་ཕྱི་འབྲེལ་དཔོན་གྱི་རོལ་རྩེད་པུའུ་རུ་དགོང་མོའི་གསོལ་ཚིགས་གཤོམ་རྒྱུའི་གྲ་སྒྲིག་གནང་འདུག
         སྐུ་ཞབས་ཅ་ལི་ཨེ་ཅིབ་ཏུ་ཡོད་པའི་ཁྱིམ་དུ་སྟབས་མི་ལེགས་པར་རྡབ་ཆག་བྱུང་ནས་གནས་ཚུལ་ཚབས་ཆེན་པོ་འདུག གནས་ཚུལ་དེ་དག་ཐོས་རྗེས་དངངས་འཚབ་ཆེན་པོ་བྱུང་ལ་སེམས་ཁྲལ་ཡང་ཆེན་པོ་བྱུང་། འཕྲལ་དུ་ཁོང་གི་ལས་རོགས་ལ་གློག་འཕྲིན་བཏང་ནས་དགོང་མོའི་གསོལ་ཚིགས་མེད་པ་བཟོ་རྒྱུའི་རེ་བ་བཏོན་ཁར་རང་ཉིད་ནས་སྨན་ཁང་དུ་སྐུ་ཞབས་ཅ་ལི་ལ་ལྟ་བར་བསྐྱོད་ཆོག་པའི་རེ་བ་ཡང་བཏོན་པ་ཡིན།
         དེ་ནི་སྐུ་ཞབས་ཅ་ལི་དང་བྱུང་བའི་ཐུག་འཕྲད་མཐའ་མ་དེ་ཡིན། ཟླ་དགུ་པ་ནས་བཟུང་ཁོང་གཞུང་ལས་ཁང་དུ་ཕེབས་པ་ངས་མཇལ་མ་བྱུང་། ངས་ཁོང་གི་ལས་རོགས་ལ་གནས་ཚུལ་འདྲི་སྐབས་ཁོང་མཚོ་འགྲམ་དུ་སྤྲོ་གསེང་ལ་ཕེབས་པ་ཤེས་བྱུང་། ངའི་བསམ་པར་སྐུ་ཞབས་ཁོང་གི་སྙུང་གཞི་ཡང་དུ་སོང་བ་རེད་སྙམ་བྱུང་།
         སྐུ་ཞབས་ཅ་ལིའི་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོར་ཞུགས་རྗེས་སྤྱི་ཁྱབ་ཀན་ཧྲི་པོའོ་ཁོའོ་ཝ་ཕ་རི་སིར་ང་དང་ཐུག་འཕྲད་གནང་བར་ཕེབས་ཤིང་། ཁོང་གིས་ང་ལ་སྐུ་ཞབས་ཅ་ལི་སླར་ཡང་ཐེངས་ཤིག་རྡབ་ཆག་བྱུང་ནས་དཔྱི་མགོར་ཆག་སྐྱོན་བྱུང་འདུག མ་གཞི་བྱས་ན་ཁོང་ཕ་རི་སིར་གཤགས་བཅོས་གནང་རྩིས་ཡོད་པ་དང་དུས་གཏན་གནམ་གྲུ་ཡང་བཀོད་སྒྲིག་བྱས་ཟིན། བློ་ཕམ་པ་ཞིག་ལ་ཚེ་ལས་འདས་སོང་ཞེས་གསུངས་བྱུང་།
         གནས་ཚུལ་དེ་དག་ཐོས་རྗེས་ངའི་རྣ་བར་སྐུ་ཞབས་ཅ་ལིས“ཁམས་བཟང་། སྟག་ཤར་གཞོན་པ”ཞེས་སླར་ཡང་འབོད་པ་ལྟ་བུའི་སྣང་བ་འཁོར། དེ་སྐུ་ཞབས་ཁོང་གི་ངོས་ནས་བཤད་ན་བསམ་བློ་གཏོང་ཕྱོགས་ཤིག་དང་ངའི་ངོས་ན་བརྗོད་ན་འགན་འཁྲི་ཞིག་ཡིན། བདག་ནི་གུས་པར་འོས་པ་དང་གཅེས་པར་འོས་པའི“ཁྱིམ་མཚེས”ཁོང་ཧ་ཅང་དྲན་པོ་འདུག
      

    ཕྱོགས་བསྡུས་གསར་འགྱུར།