འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་ཀྱི་རེ་བའི་ས་བོན་འདེབས་པར་བྱེད།

    ——བོད་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་19ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དཔྱིད་ཀྱི་རེ་བའི་ས་བོན་འདེབས་པར་བྱེད།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་བོད་ཀྱི་ས་ཁུལ་ཁག་གིས་གཉའ་གཅོག་མཛད་སྒོ་སྤེལ་བ་དང་ས་བོན་ཐོག་མ་དེ་བཏབ་ནས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་ཤིང་། འདི་ནི་ཉིན་དེར་བོད་ལྗོངས་ལྷོ་ཁ་ས་ཁུལ་སྨོན་གྲོང་སྒང་གྲོང་ཚོའི་གཉའ་གཅོག་མཛད་སྒོའི་ཐོག་ཞིང་པ་ཚོས་སྲོལ་རྒྱུན་རྣམ་པར་བརྟེན་ནས་རྨོ་འདེབས་བྱེད་འགོ་འཛུགས་པའི་གནས་ཚུལ་ཡིན་པ།
         དཔྱིད་ཟླ་གསུམ་པའི་ནང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་དཔྱིད་རླུང་བསིལ་བསིལ་ལྡང་ཞིང་། གངས་ལྗོངས་ས་མཐོའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་པའི་དཔྱིད་ཀ་དང་པོ་བསུ་འགོ་ཚུགས། ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཅེས་པ་ལྟར་གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོའི་ཐོག་སྐྱོད་སྐབས་གང་སར་ཞིང་པ་ཚོས་རྨོ་འདེབས་དཔྱིད་འདེབས་ཀྱི་ཚ་ཚ་འུར་འུར་གྱི་ལས་ཀའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་དང་འདྲུད་འཐེན་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་། རྨོན་མཛོའི་ཧར་སྒྲ བུད་མེད་ཚོའི་དགོད་སྒྲ། སྐྱེས་པ་ཚོའི་ངར་སྒྲ་སོགས་ལས“འཇོན་ཐང་ཅན་ལ་དཔྱིད་ཀ་སླེབས་སྔ་། གངས་ལྗོངས་ས་མཐོར་དཔྱིད་འདེབས་ལས་ལ་བྲེལ”ཞེས་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲུབ་ཡོད།
         ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་སྨོན་གྲོང་སྒང་གྲོང་ཚོའི་གྲོང་མི་ཚོས“བོད་ཀྱི་ཞིང་ས་དང་པོའི”ཐོག་རྨོད་འདེབས་ཀྱི་འགོ་དང་པོ་ཚུགས།
         ཚེས་16ཉིན་གྱི་ཞོགས་པ་སྔ་པོ་དཔྱིད་ཀྱི་ཁ་བ་ཐ་ཐོར་བབས་པ་དེས་འདི་ལོའི་དཔྱིད་རྨོད་ལ་ཕན་པ་མི་ཉུང་བ་ཐོན་ཞིང་། གྲོང་མི་ཚོས་ལུས་ལ་སྣམ་བུའི་ཕྱུ་པ་ལེགས་པར་གྱོན་པ་དང་། ལག་ཏུ་སྦར་མོ་ཁྱེར་ནས་དགའ་དགའ་སྤྲོ་སྤྲོའི་ངང་དགུན་གཅིག་གསོས་པའི་ཞིང་ས་གཤིན་པོའི་ཐོག་བསྐྱོད་པ་དང་། ཞིང་ནང་དང་མུ་ཁའི་ཐོག་བསང་གི་དུ་བ་ལང་ལོང་དུ་འཕྱུར་བ་དང་མི་ཚོགས་ཀྱི་སྐད་སྒྲས་ཁེངས་པ་དང་ཚོན་རིས་ཀྱིས་བརྒྱན་པའི་ཅོག་ཙེའི་ཐོག་ཕྱེ་མར་དང་ཤིང་ཏོག་བསྒྲིགས་ནས་འདུག
         སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་ཡུམ་བུ་བླ་མཁར་གྱི་དགེ་འདུན་པས་ཞིང་ཁའི་ཟུར་དུ་ལོ་ལེགས་ཡོང་བའི་ཆོ་ག་བཏང་ཞིང་། ཕྱིང་ཞྭ་སེར་པོ་གྱོན་ཞིང་ལུས་སྟོབས་རྒྱས་པའི་ན་གཞོན་གྲོང་མི་14ཡིས་མེ་ཏོག་གིས་བརྒྱན་པའི་འདྲུད་འཐེན་འཕྲུལ་འཁོར་ཐོག་འཛེགས་ནས“ཏག་ཏག་ཏག”གི་སྒྲ་གྲགས་པ་དང་གོ་རིམ་ལྡན་པའི་ངང་མདུན་དུ་སྐྱོད་པ་དང་དེའི་རྗེས་སུ་བུད་མེད་རུ་ཁག་ཅིག་ཡོད་པ་དེ་ཚོས་བྱང་ཆུབ་པའི་ངང་ལུས་སྒུར་བཞིན་ས་བོན་འདེབས་ཀྱི་འདུག
         ཡར་ལྷ་ཤམ་ཆུ་རྒྱུག་ཁུལ་ནི་བོད་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་ལ་བོད་ཀྱི་རྨོ་འདེབས་ཤེས་དཔལ་འབྱུང་ཁུངས་ཡང་ཡིན་ཞིང་། མཛད་སྒོ་གཉེར་ཡུལ་དུ་གསར་འགོད་པར“བོད་ཀྱི་ཞིང་ས་དང་པོའི”བདག་པོ་སྐལ་བཟང་དབང་རྒྱལ་འཕྲད་བྱུང་། ཁོང་གིས“ལོ་ཁ་ཤས་གོང་ཞིང་ས་དེ་དང་ནས་ཆང་ཁེ་ལས་ཤིག་དབརའབྲེལ་མཐུད་བྱུང་ནས‘ཀུང་སི་དང་། ཞིང་དུད། རྟེན་གཞི་བཅས་ཟུང་དུ་འབྲེལ་བའི’བྱ་ཐབས་སྤྱད་དེ་གྲོང་ཚོའི་དུད་ཚང་145ཡི་གྲོང་མི་ཚོར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་གྱི་ཡོང་འབབ་བརྟན་པོ་ཡོང་བར་རོགས་རམ་བྱས་བྱུང”ཞེས་བཤད་བྱུང་།
         ཆུ་ཚོད་11ཙམ་ལ་དཔྱིད་རྨོད་མཛད་སྒོའི་མཐོ་རླབས་འཕྱུར་འགོ་ཚུགས་པ་དང་གྲོང་མི་ཚོས་ཞིང་སའི་མཐའ་བསྐོར་ཏེ་ཀི་ཀི་བསྭོ་བསྭོ་ཞེས་ལྷ་རྒྱལ་འཐེན་ནས་བང་མཛོད་འབྲུ་ཡིས་གང་བ་དང་ར་བར་ཕྱུགས་ཀྱིས་ཁེངས་པའི་སྨོན་ལམ་བཏབ།
         སྐར་ལྔའི་དར་དམར་དང་དཀར་གཙང་མཇལ་དར་བཀལ་བའི་འདྲུད་འཐེན་འཕྲུལ་འཁོར་སྟར་པ་བཞིན་ཞིང་ཁའི་དབུས་སུ་བརྗིད་ཉམས་ལྡན་པའི“ཏག་ཏག་ཏག”གི་སྒྲ་དང་བཅས་བསྐྱོད།
         འདྲུད་འཐེན་འཕྲུལ་འཁོར་རུ་ཁག་གི་སྣེ་འདྲེན་མཁན་གྱི་ཁ་ལོ་བ་པ་སངས་ཀྱི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། ས་ཞིང་མུའུ་26ཡོད་པའི་པ་སངས་ཁྱིམ་ལ་ནང་མི་4ཡོད་པ་དང་རྒྱུན་དུ་ས་ཞིང་འདེབས་རྒྱུ་ཁོང་དང་ཆུང་མས་སྒྲུབ་ཀྱི་ཡོད་ཅིང་། པ་སངས་ཀྱིས“ངའི་ཁྱིམ་ལ་འདྲུད་འཐེན་འཕྲུལ་འཁོར་གཅིག་ཡོད། དེ་ན་ནིང་གསར་དུ་བརྗེས་པ་ཡིན། འདྲུད་འཐེན་འཕྲུལ་འཁོར་གཅིག་གི་རིན་གོང་སྒོར་ཁྲི་18000ཡིན་པ་དང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཡོད་པས་དོན་དངོས་ཐོག་སྒོར་ཁྲི་12000ལས་སྤྲོད་དགོས་མ་བྱུང་། ཉོས་རིན་དེ་ལོ་གཅིག་ལ་གསོག་ཐུབ་ཀྱི་འདུག”ཅེས་བཤད་བྱུང་།
         ལོ་5ཡི་གོང་དཔལ་སྟོད་གྲོང་ཚོར་ད་དུང“རྨོན་མཛོ་དོར་སྦྲེལ”གྱི་སྲོལ་རྒྱུན་ཐོན་སྐྱེད་བྱེད་སྟངས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་ཞིང་འཕྲུལ་ཁ་གསབ་རོགས་དངུལ་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་བོད་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བདེ་སྐྱིད་གཡང་འཛོམས་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་མཉམ་དུ་རྣམ་གྲངས་དོན་གཉེར་དང་མ་དངུལ་རག་ཐབས་བྱས་ནས་གྲོང་ཚོ་རིམ་པའི་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་པས་བོད་སྡེ་གྲོང་ཚོ་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་གྲོང་ཚོ་དང་པོར་གྱུར་ནས་གྲོང་ཚོའི་ནང་གི་ས་ཞིང་རྨོ་འདེབས་བསྡུ་གསུམ་ཚང་མ་འཕྲུལ་ཆས་ཅན་དུ་གྱུར་བ་མ་ཟད། ད་དུང་གྲོང་ཚོ་གཞན་དུ་རྨོ་འདེབས་བྱེད་པར་བསྐྱོད་དེ་ཡོང་འབབ་གསོག་གི་ཡོད་པ་རེད།
         ཞིང་ས་གྲུ་བཞི་དང་། ཞིང་ནང་མུ་ཁར་སྐྱོད་པའི་འཕྲུལ་ལམ། ཀྱག་ཀྱོག་གི་ཨར་འདམ་ཡུར་བུ། ཀྲོང་ངེར་སྐྱེས་པའི་སྦྱར་སྡོང་སྟར་པ་སོགས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ཚད་གཞི་མཐོ་བའི་ཞིང་ནང་དུ་སྐྱོད་སྐབས་དེང་རབས་ཞིང་ལས་ཀྱི་རྣམ་པ་གསར་པ་ཞིག་ཡོད་པ་གསར་འགོད་པའི་མིག་ལམ་དུ་འཆར་བྱུང་།
         གཞིས་རྩེར་བོད་ཀྱི་འབྲུ་མཛོད་ཅེས་གྲགས་པ་དང་རྨོ་ཞིང་རྒྱ་ཁྱོན་ལྗོངས་ཡོངས་ཀྱི་གསུམ་ཆ་གཅིག་བཟུང་བ་དང་འབྲུ་རིགས་ཐོན་ཚད་ཀྱིས་ལྗོངས་ཡོངས་ཀྱི་40%བཟུང་ཞིང་། སྔོན་ཆད་ས་གནས་དེ་གའི་མང་ཚོགས་ཀྱིས་གཙོ་བོ་ནས་དང་པད་ཁ་འདེབས་ཀྱི་ཡོད།
         ནས་ཀྱི་ཐོན་ཚད་མཐོ་རུ་གཏོང་ཆེད་བོད་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ནས་ཀྱི་སྣ་ཁ་གསར་པ“བོད་ནས་ཨང་2000”སྐྱེད་སྲིང་བྱས་ཡོད། སྣ་ཁ་གསར་པ་དེ་ནས་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་25འཕར་བ་དང་ཉེ་བའི་ལོ་5ཡི་ནང་རིམ་རྩིས་ལྟར་ན་ཁྱབ་གདལ་བྱེད་ཚད་མུའུ་ཁྲི་3.5ཟིན་ནས་ཞིང་པར་འབབ་འཕར་སྒོར་དུང་ཕྱུར་1.5ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད།
         གསར་འགོད་པས་བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་གསལ། གཞིས་རྩེའི་ཞིང་པ་ཚོས་ས་བོན་སྣ་ཁ་གསར་པ་བཏབ་པ་ཕུད། ད་དུང་ཚན་རིག་དང་མཐུན་པའི་ངང་ཞིང་ཁ་འདེབས་པ་དང་ལེགས་རྨོས་ཞིབ་ལས་བྱ་རྒྱུར་སྣང་ཆེན་བྱེད་འགོ་ཚུགས་ཤིང་། ཁོང་ཚོས་གཏིང་ལུད་ཡག་པོ་རྒྱག་པ་དང་ལེགས་རྨོས་ཞིབ་ལས་བྱ་ཐབས་ལ་གཞིགས་ནས“ས་བོན་ལ་སྨན་བསྲེས་པའི”ལག་རྩལ་གསར་པ་སྤྱད་དེ་ནད་དང་འབུའི་གནོད་འཚེ་ཕོག་ཉུང་དུ་གཏོང་གི་འདུག
         ཉི་མ་ནུབ་ཁར་ཉིན་གཅིག་གི་ལས་ལ་བྲེལ་བའི་མི་རྣམས་རང་ཁྱིམ་དུ་ལོག་འགོ་ཚུགས། དེའི་སྐབས་སླར་ཡང་ནམ་མཁའ་ནས་ཁ་བ་འབབ་འགོ་ཚུགས་པ་དང་དུས་ཐོག་འབབ་པའི་ཁ་བ་ནི་ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་ཞེས་པ་ལྟར་གངས་ལྗོངས་ས་མཐོར་ལོ་ལེགས་ཀྱིས་ཁེངས་པའི་ལོ་གསར་པ་འཆར་རྒྱུའི་རེ་བ་བཅངས་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།