འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཀུའོ་ཧྲེ་རུང་གིས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་བཅོས་སྐྱོང་བྱ་ཤུགས་ཆེ་རུ་
    གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་13ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་རྒྱུར་སྐུལ་འདེད་བཏང་ནས་སྣོད་བཅུད་ཁོར་ཡུག་གང་མགྱོགས་ལེགས་སུ་གཏོང་དགོས་ལུགས་བསྟན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ལིང་ཞིང་ལས་མཐོ་གསར་ཐོན་ལས་དཔེ་སྟོན་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀུའོ་ཧྲེ་རུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་ཉིན་བཞིན་ཚབས་ཆེར་འགྲོ་བའི་གནད་དོན་ལ་སྣང་ཆུང་བྱ་མི་རུང་བར་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་བཅོས་སྐྱོང་བྱ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།
         ཀོའུ་ཧྲེ་རུང་གིས་མིག་སྔར་རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་ཁོར་ཡུག་ལ་ཕྱི་ངོས་སྦགས་བཙོག་དང་ནང་ངོས་སྦགས་བཙོག་ཁག་གཉིས་ཀྱི་གནོན་ཤུགས་ཕོག་ནས་ཞིང་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཕོག་པའི་འཇུར་མིག་ལ་གྱུར་ཡོད། དེའང་ཕྱོགས་གཅིག་ནས་བཟོ་ལས་དང་གྲོང་ཁྱེར་གྱི་སྦགས་བཙོག་དེ་ཞིང་ལས་དང་གྲོང་གསེབ་ཏུ་ཕྱིར་འབུད་བྱེད་ཀྱི་ཡོད་པས་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུལ་ཁོར་ཡུག་སྤུས་ཚད་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་བསྟུན་ནས་ཞིང་སྨན་དང་། རྫས་ལུད། འགྱིག་ཤོག་བཅས་སྤྱོད་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཏེ་ཕྱུགས་ཟོག་དང་བྱ་རིགས་ཀྱི་བཙོག་གཅིན་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ། ཞིང་ནང་འགྱིག་ཤོག་ལྷག་འཕྲོ་སོགས་ཞིང་ལས་ཀྱི་ཟོག་རོ་ཐག་གཅོད་ཡག་པོ་མ་བྱས་པ་ལས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་ཉིན་བཞིན་ཚབས་ཆེ་རུ་ཕྱིན་ནས་ས་རྒྱུ་དང་ཆུའི་སྦགས་བཙོག་གི་ཉེན་ཁ་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
         འཐུས་མི་ཀུའོ་ཧྲེ་རུང་གིས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་བཅོས་སྐྱོང་གི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། དྭངས་གཙང་འཁོར་རྒྱུག་གི་ཞིང་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་འགོག་བཅོས་ཀྱི་གྲོན་དངུལ་ཡོང་ཁུངས་དང་གཏོང་ཁུངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། ཞིང་ལས་ཀྱི་སྣོད་བཅུད་ཁ་གསབ་ལམ་སྲོལ་འཚོལ་ཞིབ་དང་སྦྲགས་བཙུགས་ནས་དངུལ་རྩ་དང་ཁྲལ་བསྡུ་སོགས་ཀྱི་འདེགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མ་འཇོག་དང་མ་དངུལ་མཉམ་འདྲེས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲོམ་རའི་ཆོག་འཐུས་ཐབས་ལམ་རྒྱ་ཆེར་གཏོང་བ། སྤྱི་ཚོགས་མ་རྩ་དེའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཡིད་དབང་འགུགས་ཐབས་བྱེད་པ། ཞིང་ལས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་དང་དེ་བཞིན་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་དང་ཁེ་ལས་སོགས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་འགོག་བཅོས་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་གི་ལྟ་ཞིབ་ཚད་ལེན་དང་ཉེན་གཏོང་ལས་ཀར་ཤུགས་སྣོན་རྒྱག་དགོས། ཞིང་ནང་གི་གཞི་རྒྱུ་ཏན་དང་ལིན་ཤོར་བ་དང་། ཕྱུགས་ཟོག་དང་བྱ་རིགས་གསོ་ཚགས་ཀྱི་ཟོག་རོ་ཕྱིར་འབུད། ཞིང་ནང་གི་འགྱིག་ཤོག་ལྷག་འཕྲོ། རྨོ་ཞིང་གི་ལྕི་བའི་ལྕགས་རིགས་སྦགས་བཙོག་སོགས་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་སྦྲགས་འཐུས་ཚང་དུ་བཏང་ནས་ཆུ་བོ་རྒྱུག་ཁུལ་གྱི་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་ལྟ་ཞིབ་ཚད་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་དང་། སྔོན་བརྡ་དང་ཉེན་གཏོང་གི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བ་བྱས་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཀྱི་ངེས་མེད་སྦགས་བཙོག་གི་གནས་ཚུལ་དུས་བཀག་ཐོག་ཡོངས་བསྒྲགས་བྱེད་དགོས།
         ཁོང་གིས་སྣོད་བཅུད་ཞིང་ལས་འཁོར་རྒྱུག་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་ཧུར་ཐག་གཏོང་དགོས། ཞིང་འབྲོག་ཟུང་འབྲེལ་གྱི་སྣོད་བཅུད་འཁོར་རྒྱུག་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཏོད་དགོས། སྲོལ་རྒྱུན་གྱི་ཕྱོགས་རྐྱང་པའི་འདེབས་འཛུགས་དང་ཕན་འབྲས་མཐོ་བའི་གསོ་ཚགས་དང་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་ཟུང་འབྲེལ་ལུགས་མཐུན་བྱེད་དགོས། ཞིང་ལས་ནང་ངོས་སུ་ནུས་ཚད་རིམ་མང་བེད་སྤྱོད་དང་དངོས་པོ་ཡང་དག་ངང་འཁོར་རྒྱུག་བྱས་ནས་ཐོན་འབབ་མཐོ་བ་དང་། སྤུས་ཀ་ལེགས་པ། ཟད་གྲོན་ཆུང་བ། དྭངས་གཙང་འཁོར་རྒྱུག་ཐོན་སྐྱེད་ཐུབ་པ་བཅས་བྱེད་དགོས་པའི་གྲོས་འགོའང་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།