འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། སློབ་གསོ་པུས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭས་ལོ་དགུའི་འོས་འགན་སློབ་གསོའི་དུས་མཚམས་སུ་གཟའ་འཁོར་རེར་རྐང་རྩེད་སྤོ་ལོའི་སློབ་ཚན་གཅིག་བཀོད་སྒྲིག་བྱེད་པ་གཞིར་བཟུང་ཁྱོན་བསྡོམས་རྐང་རྩེད་སྤོ་ལོའི་སློབ་ཚན་450ཙམ་འཚོག་རྒྱུ་ཡིན་པ་མ་ཟད་སློབ་ཚན་དེ་དག་ཚང་མ་བརྙན་དཔར་བླངས་ཏེ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཐོན་ཁུངས་མཛོད་ནང་བཅུག་སྟེ་དགེ་རྒན་དང་སློབ་མ་ཚང་མས་སློབ་སྦྱོང་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།
         2015ལོར་སློབ་གསོ་པུས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ་8627ཁག་དང་པོར་གཏན་འཁེལ་བྱས་པ་དང་། ཁྱད་ལྡན་སློབ་གྲྭ་དེ་དག་གིས་གཟའ་འཁོར་རེར་ལུས་རྩལ་སློབ་ཚན་གཅིག་སྤྱད་དེ་རྐང་རྩེད་སྤོ་ལོ་སློབ་དགོས་པའི་བླང་བྱ་བཏོན་པ་དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་དེ་བས་མང་བས་རྐང་རྩེད་སྤོ་ལོ་རྒྱག་ཐུབ་པ་དང་རྐང་རྩེད་སྤོ་ལོ་རྒྱག་མཁན་མང་དུ་གཏོང་རྒྱུ་དེ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སློབ་གསོ་པུས་དགེ་རྒན་གསོ་སྦྱོང་བྱ་རྒྱུར་དམིགས་པ་དང་། ཕྱི་རྒྱལ་གྱི་དགེ་རྒན་གདན་འདྲེན་པ། སློབ་ཁྲིད་ཀྱི་ཁ་ཕྱོགས་བཟོ་བ། སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་པ་སོགས་ཀྱི་ཐད་ནས་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་རེད། མིག་སྔར་རྒྱལ་ཡོངས་སུ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་5600གསོ་སྦྱོང་བྱས་པ་དང་། འདི་ལོའི་དགུན་ཁའི་གུང་གསེང་རིང་ད་དུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་དགེ་རྒན་8600གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། གཞན་ཡང་ཕྱི་རྒྱལ་ནས་གདན་དྲངས་པའི་རྐང་རྩེད་སྤོ་ལོའི་དགེ་རྒན་120ལྷག་ཙམ་ཚང་མ་སློབ་གྲྭ་ཁག་ཏུ་འབྱོར་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།