འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྗེ་ཙོང་ཁ་པ་སྐུ་བལྟམས་ཡུལ་སྐུ་འབུམ་བྱམས་པ་གླིང་དུ་བཅོ་ལྔའི་མེ་ཏོག་མཆོད་པ་བཤམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དགེ་འདུན་པ་སྐལ་བཟང་བཀྲ་ཤིས་ཀྱིས་སྐུ་འབུམ་བྱམས་པ་གླིང་གི་མཆོད་པ་བཤམས་ཡུལ་སྨད་དུ་ལོ་21རིང་གི་བཅོ་ལྔ་མཆོད་པ་བཞེངས་མཁན་བྱས་པ་དང་བཅོ་ལྔ་མཆོད་པ་བཞེངས་པའི་ཐད་ཁོང་གིས་དད་མོས་ཆེན་པོ་བྱེད་ཅིང་། ལོ་11སྐབས་དགོན་པར་སླེབས་པ་ནས་བཟུང་ཁོང་གིས་དཔེ་ཆ་སྦྱོང་ཞོར་དུ་མཆོད་པ་བཞེངས་མཁན་རྒན་རབས་ཚོའི་གམ་ནས་ལག་རྩལ་དེ་སྦྱངས།
         ཤིང་སྒྲོམ་ཐོག་གི་རྗེ་ཙོང་ཁ་པའི་སྐུ་འདྲའི་མདུན་དུ་དགེ་འདུན་པ་གཞན་དག་གི་རོགས་རམ་འོག་སྐལ་བཟང་བཀྲ་ཤིས་ཀྱིས་ཞིབ་ཚགས་ངང་སྐུ་འདྲའི་ཞལ་རས་བཞེངས་པ་དང་ཆུ་གྲང་མོའི་ནང་ལག་པ་ཡང་ཡང་སྦངས་དགོས་ཀྱི་ཡོད།
         སྐལ་བཟང་བཀྲ་ཤིས་ཀྱིས“སེམས་ནང་སངས་རྒྱས་སྒོམ་ཚེ་གཞི་ནས་སངས་རྒྱས་ཀྱི་སྐུ་འདྲ་ཡག་པོ་ཞིག་བཞེངས་ཐུབ་པ་དང་། གྲང་ངར་ཆེ་བའི་ཁོར་ཡུག་ནང་སྐུ་འདྲ་བཞེངས་པ་དེའང་སྒོམ་སྒྲུབ་བྱས་པ་ཞིག་རེད”ཅེས་བཤད།
         སྐུ་འབུམ་བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནོར་བཟང་དབང་ཕྱུག་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེ་དུས་རྗེ་ཙོང་ཁ་པས་བོད་དུ་སྨོན་ལམ་ཆེན་པོ་འཚོགས་གནང་སྐབས། མར་ལས་འདབ་ཆགས་དང་གཅན་གཟན་རིགས་ཁ་ཤས་བཟོ་ཆོག་པའི་རྨི་ལམ་རྨིས་སྟབས་དགེ་འདུན་པ་སྐོང་བསྡུ་གནང་ནས་རྨི་ལམ་ནང་གི་དངོས་པོ་དེ་དག་མར་ལས་བཟོས་ཏེ་མཆོད་པ་ཕུལ་གནང་བ་རེད།
         ད་ཆ་ལོ་ལྟར་ཟླ་དང་པོའི་ཚེས་བཅོ་ལྔའི་མཚན་མོ་རི་བོ་པདྨའི་རྩེ་ནས་དཀར་གསལ་ཟླ་བ་དལ་བུར་འཆར་སྐབས། སྐུ་འབུམ་བྱམས་པ་གླིང་དུ་ལོ་གཅིག་དུས་གཅིག་གི་བཅོ་ལྔ་མཆོད་པ་བཤམས་ཀྱི་ཡོད་པ་དང་དེར་ལྟད་མོ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་ཁྲི་20ལྷག་ཙམ་ཟིན་གྱི་ཡོད་པ་རེད།
         ནོར་བཟང་དབང་ཕྱུག་གིས། གནའ་བོའི་ལག་རྩལ་དེ་རྒྱུན་འཛིན་བྱ་ཆེད། ལོ་ལྟར་ཟླ་9པར་རྩྭ་ཐང་གི་སྤང་སེར་པོར་གྱུར་རྗེས་བཅོ་ལྔ་མཆོད་པ་བཞེངས་ཆེད་དགོན་སྡེའི་དགེ་འདུན་པ་ཚོས་ཉེ་འགྲམ་གྱི་འབྲིའི་འོ་མ་ཐོན་ཁུལ་གཙོ་བོར་ཞག་ཚི་ཅུང་ཉུང་བའི་མར་དཀར་པོ་ཉོ་བར་འགྲོ་གི་ཡོད། ལོ་ལྟར་ལུགས་རྙིང་ལོའི་ཟླ་10ཚེས་25ཉིན་བཅོ་ལྔ་མཆོད་པ་བཞེངས་ཡུལ་སྟོད་སྨད་གཉིས་ཀྱིས་མེ་ཏོག་མཆོད་པ་བཞེངས་འགོ་ཚུགས་པ་དང་དུས་ཡུན་ཟླ་བ་གཉིས་ཙམ་འགོར་གྱི་ཡོད།
         ལོ་43ལ་སླེབས་པའི་དགེ་འདུན་པ་མཁས་བཙུན་ནི་མཚོ་སྔོན་བཀའ་མ་ལོག་རྫོང་ནས་ཡིན་པ་དང་། མིག་སྔར་སྐུ་འབུམ་བྱམས་པ་གླིང་གི་བཅོ་ལྔ་མཆོད་པ་བཞེངས་ཡུལ་སྟོད་ཀྱི་འགན་ཁུར་གྱི་ཡོད། ཉིན་ལྟར་ཞོགས་པ་ནམ་མ་ལངས་གོང་ནས་རང་ཉིད་ཀྱི་ཤག་ཏུ་ཇ་སྲུབས་མ་ཕོར་གང་བཏུངས་རྗེས་མཆོད་པ་བཞེངས་ཡུལ་དུ་དགེ་འདུན་པ་གཞན་དག་25དང་མཉམ་དུ་མེ་ཏོག་མཆོད་པ་བཞེངས་པར་བསྐྱོད།
         མཁས་བཙུན་གྱིས“དགེ་འདུན་པ་ཚོས་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་མཆོད་པ་བཞེངས་སྐབས་དཀའ་ངལ་དཔག་མེད་སྤྱོད་ཀྱི་ཡོད་ལ། ང་ཚོས་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་རྗེ་ཙོང་ཁ་པར་དད་གུས་བྱེདཀྱི་ཡོད”ཅེས་བཤད།
         སྐུ་འབུམ་བྱམས་པ་གླིང་གི་དགོན་སྡེ་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྐལ་བཟང་ལྷུན་གྲུབ་ཀྱིས། ད་ཆ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུཌ་རྐྱེན་ཆེ་ཤོས་ཀྱི་བཅོ་ལྔ་མཆོད་པ་ཞིག་རེད་ཅེས་བཤད།
         འདི་ལོའི་ཟླ་1ཚེས་14ཉིན་སྐུ་འབུམ་བྱམས་པ་གླིང་གི“སྒྱུ་རྩལ་རྩེ་གྲྭ་གསུམ”ཧྥ་རན་སེའི་ཕ་རི་སིར་འགྲེམས་སྟོན་བྱས་པར་ཧྥ་རན་སེའི་ཕྱི་ཁོངས་ཀྲུང་གོ་བ་དང་། ཕྱིར་སྡོད་རང་མི། དེ་བཞིན་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་མཁན་ཧྥ་རན་སེའི་མཛའ་གྲོགས་མི་སྣའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
         མཚོ་སྔོན་ཞིང་ཆེན་དམངས་སྲོལ་སློབ་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཙུང་ཕུའུ་ཡིས“ལོ་ལྟར་ས་མཐོའི་ཡུལ་ལྗོངས་ཞན་ཤོས་ཀྱི་དུས་ཚིགས་སུ་ཚོན་མདོག་རྣམ་པར་བཀྲ་བའི་བཅོ་ལྔ་མཆོད་པས་མི་རྣམས་ལ་མིག་གི་ལོངས་སྤྱོད་སྦྱིན་པ་དང་དགོན་སྡེའི་རྔམ་བརྗིད་ལྡན་པའི་དུང་རྒྱ་གླིང་གི་སྒྲ་དང་། མི་སེམས་གཡོ་བའི་ཆོས་སྒྲ དད་ལྡན་མང་ཚོགས་ཀྱི་འདོན་པའི་སྒྲ་བཅས་ཁྲོད་བཅོ་ལྔ་མཆོད་པ་ལས་མི་ཚོར་དྲོ་སྐྱིད་ཀྱི་ཚོར་སྣང་དང་བྱམས་སེམས་ཀྱི་སྟོབས་ཤུགས་ཤིག་རང་ཤུགས་ངང་འཕེལ་བར་བྱེད་ཀྱི་ཡོད”ཅེས་བཤད།
         བཀྲ་ཤིས་པའི་མཚན་མོ་དེར་བཅོ་ལྔ་མཆོད་པ་བཤམས་སྐབས་དད་ལྡན་མང་ཚོགས་ཚོས་ཀྱང་རྐྱང་ཕྱག་འབུལ་བ་དང་། སྐོར་བ་རྒྱག་པ། ཡོན་ཆབ་འབུལ་བ། མར་མེ་སྤོར་བ་སོགས་བྱེད་ཅིང་། དེས་ན་རྒྱལ་ཁབ་ཕྱི་ནང་ནས་ཡོང་པའི་ཡུལ་སྐོར་བས་མི་ཚོགས་སྟུག་པོའི་ཁྲོད་སྐུ་འབུམ་བྱམས་པ་གླིང་དུ་འཛོམས་ནས་བཅོ་ལྔ་མཆོད་པར་བལྟ་གི་ཡོད།
         སྐབས་དེར་མཁས་བཙུན་དང་བཅོ་ལྔ་མཆོད་པ་བཞེངས་མཁན་དགེ་འདུན་པ་གཞན་དག་གཞི་ནས་སེམས་ལྷོད་དུ་བབ་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།