འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་གྱི་གུང་གསེང་མཇུག་འགྲིལ་བས་བོད་དུ་ལས་ཀ་འཚོལ་མཁན་མང་ཤོས་དུས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་མཇུག་འགྲིལ་བ་དང་། ལས་བྱེད་ལས་བཟོ་རྣམས་རང་རང་གི་ལས་གནས་ཐོག་སྐྱོད་འགོ་ཚུགས། ཉེ་ཆར་བོད་རང་སྐྱོང་ལྗོངས་ལས་རིགས་མཚམས་སྦྱོར་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ལས་རིགས་མཚམས་སྦྱོར་ལྟེ་གནས་ཀྱིས་ཁེ་ལས་དང་ལས་ཀ་འཚོལ་མཁན་དབར་མཚམས་སྦྱོར་བྱེད་འགོ་ཚུགས་ཡོད་པ་རེད། གཞན་ཡང་ཟླ་འདིའི་ཟླ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་རྒྱུན་ལྡན་གྱི་གདན་ཞུའི་ཚོགས་ཆེན་འཚོག་རྒྱུ་ཡིན་པ་དང་ཁེ་ལས་ཀྱིས་ད་ལྟ་ནས་མིང་ཐོ་འགོད་ཆོག་གི་ཡོད་པ་རེད།
         རང་སྐྱོང་ལྗོངས་ལས་རིགས་ངོ་སྤྲོད་འོས་སྦྱོར་ལྟེ་གནས་སུ་སྐྱོད་སྐབས། ལས་དོན་མི་སྣས་གད་འཕྱིད་གཙང་མ་བྱས་ཏེ་ལས་ཀ་འཚོལ་མཁན་དང་ཁེ་ལས་ལ་ལས་འཚོལ་གདན་ཞུའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་བཞིན་འདུག ལས་དོན་མི་སྣ་ཟླ་སྒྲོན་གྱིས་ལས་ཞུགས་སྲིད་ཇུས་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་དབྱེ་ནས་འགྲེམས་སྟེགས་ཐོག་བཞག་པ་དང་འབྲེལ། ལས་འཚོལ་ཐོ་འགོད་རེའུ་མིག་མཐུག་པོ་ཞིག་གློག་ཀླད་མདུན་དུ་བཞག ཟླ་སྒྲོན་གྱིས“དེ་སྔའི་ཉམས་མྱོང་ལ་གཞིགས་ན། ཕྱི་ཕྱོགས་ལས་མི་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་ལས་ཀ་འཚོལ་མཁན་གཅིག་རྗེས་གཉིས་མཐུད་ངང་གྲོང་ཁྱེར་དུ་ལོག་ནས་རང་ལྗོངས་འདི་ཉིད་ལས་ཀ་འཚོལ་མཁན་མང་ཤོས་དུས་སུ་སླེབས་ཀྱི་ཡོད། དེར་བརྟེན་ང་ཚོས་དུས་ཆེན་རྗེས་ཀྱི་གདན་ཞུའི་དུས་ཚིགས་ཀྱི་གྲ་སྒྲིག་ལས་དོན་སྒྲུབ་འགོ་ཚུགས་ཡོད”ཅེས་བཤད།
         “མིག་སྔར་ང་ཚོས་འདི་གར་ལས་ཀ་འཚོལ་མཁན་20ལྷག་ཙམ་གྱི་དཔྱད་གཞིའི་ཡིག་རིགས་ཉར་ཡོད་པའི་ནང་གཙོ་བོ་ཁ་ལོ་བ་དང་སྡེ་ལས་དོ་དམ་མི་སྣ་རེད། གལ་ཏེ་ཁེ་ལས་གདན་ཞུའི་ཚོགས་ཆེན་ནང་ཞུགས་འདོད་མེད་ཚེ་འབྲེལ་ཡོད་ཀྱི་གདན་ཞུའི་ཆ་འཕྲིན་བཞག་ཆོག ང་ཚོས་དུས་ངེས་མེད་དུ་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུའི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་ནས་ལས་ཀ་འཚོལ་མཁན་ཚོར་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ཟླ་སྒྲོན་གྱིས་བཤད་པ་དང་། ཁོང་གིས་གདན་ཞུའི་ནང་ཞུགས་མཁན་ཡིན་ནའང་འདྲ། ཡང་ན། གདན་ཞུའི་ཆ་འཕྲིན་ཐོ་འགོད་བྱེད་མཁན་གང་ཡིན་ཡང་ཁེ་ལས་ཚང་མས་ངེས་པར་དུ“ལག་ཁྱེར་གསུམ”སྟེ། རྩ་འཛུགས་སྒྲིག་གཞིའི་ཚབ་རྟགས་ལག་ཁྱེར་དང་། ཁྲིམས་མིའི་ཐོབ་ཐང་ལག་ཁྱེར། ཁྲལ་དོན་ཐོ་འགོད་ལག་ཁྱེར་བཅས་མཁོ་འདོན་བྱས་ནས་ཐོ་འགོད་སྙན་སེང་ཞུ་དགོས་པའི་དྲན་སྐུལ་བྱས།
         ལས་ཀ་འཚོལ་མཁན་ཚོས་གལ་ཏེ་གདན་ཞུའི་ཚོགས་ཆེན་མ་འཚོག་གོང་ལས་ཀ་འཚོལ་འདོད་ཚེ། དུས་གང་རུང་ལ་ལས་རིགས་ངོ་སྤྲོད་འོས་སྦྱོར་ལྟེ་གནས་སུ་ཐོ་འགོད་བྱེད་ཆོག་པ་དང་ལས་དོན་མི་སྣས་དུས་ཐོག་ཏུ་མི་སྤྱོད་ཚན་པར་ངོ་སྤྲོད་འོས་སྦྱོར་བྱ་རྒྱུ་རེད། ཟླ་སྒྲོན་གྱིས“ལས་ཀ་འཚོལ་མཁན་གྱིས་ཐོ་འགོད་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས། གལ་ཏེ་རང་ཉིད་ལ་འབྲེལ་ཡོད་ལས་རིགས་ཀྱི་འོས་བབ་ལག་ཁྱེར་ཡོད་ཚེ་མཉམ་དུ་འཁྱེར་ཡོང་དགོས། གང་ལགས་ཤེ་ན། དམིགས་བསལ་ལས་རིགས་མང་པོ་ཞིག་ལ་འབྲེལ་ཡོད་ལག་རྩལ་མི་སྣ་དགོས་མཁོ་ཡོད་པས། འོས་བབ་ལག་ཁྱེར་ཡོད་ན་ལས་ཀ་རག་བདེ་པོ་ཡོད”ཅེས་བཤད།
         ཟླ་འདིའི་ཟླ་མཇུག་གི་གདན་ཞུའི་ཚོགས་ཆེན་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རྗེས་ཀྱི་གདན་ཞུའི་ཚོགས་ཆེན་ཐོག་མ་དེ་ཡིན་པ་དང་། དེ་སྔའི་གནས་ཚུལ་ལ་གཞིགས་ན། ལས་ཀ་འཚོལ་མཁན་མང་ཆེ་བས་ད་ཐེངས་ཀྱི་གདན་ཞུའི་ཚོགས་ཆེན་ནང་ཞུགས་རྒྱུ་རེད། ཟླ་སྒྲོན་གྱིས་ལས་ཀ་འཚོལ་མཁན་དང་མི་སྤྱོད་ཚན་པས་དུས་ཆེན་རྗེས་ཀྱི་གདན་ཞུའི་ཚོགས་ཆེན་ཐོག་མ་དེར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། དེར་བརྟེན་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་དང་རང་སྐྱོང་ལྗོངས་ལས་རིགས་ངོ་སྤྲོད་འོས་སྦྱོར་ལྟེ་གནས་ཀྱིས་ད་ཐེངས་ཀྱི་གདན་ཞུའི་ཚོགས་ཆེན་ལ་མཐོང་ཆེན་པོ་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་ཡོད། དུས་ཆེན་རྗེས་ཀྱི་གདན་ཞུའི་ཚོགས་ཆེན་ཐོག་མར་ཞུགས་འདོད་ཡོད་པའི་མི་སྤྱོད་ཚན་པས་ད་ལྟ་ནས་མིང་ཐོ་འགོད་ཆོག་ཅེས་ངོ་སྤྲོད་བྱས།
         ཟླ་སྒྲོན་གྱིས་གལ་ཏེ་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་ལས་རིགས་ངོ་སྤྲོད་འོས་སྦྱོར་ལྟེ་གནས་སུ་ཐོ་འགོད་སྙན་སེང་ཞུས་ཡོད་ཚེ། ཁ་པར་དང་QQཚོགས་པའི་ཐོག་ནས་མིང་ཐོ་འགོད་ཆོག་པ་དང་སྦྲགས། འབྲེལ་ཡོད་ཀྱི་གདན་ཞུའི་ལས་གནས་ཆ་འཕྲིན་བསྐུར་ན་འགྲིག གལ་ཏེ་ཁེ་ལས་ཀྱིས་ཐོ་འགོད་སྙན་སེང་ཞུས་མེད་ཚེ“ལག་ཁྱེར་གསུམ”ཁྱེར་ནས་ལྗོངས་ལས་རིགས་ངོ་སྤྲོད་འོས་སྦྱོར་ལྟེ་གནས་སུ་མིང་ཐོ་འགོད་པར་ཡོང་དགོས། གལ་ཏེ་མི་སྤྱོད་ཚན་པས་ད་དུང་འབྲེལ་ཡོད་ཆ་འཕྲིན་བློ་འདྲི་བྱེད་དགོས་ཚེ་རང་སྐྱོང་ལྗོངས་ལས་རིགས་ངོ་སྤྲོད་འོས་སྦྱོར་ལྟེ་གནས་ཀྱི་ཐད་སྦྲེལ་ཞབས་ཞུའི་ཁ་པར་ཨང་གྲངས་0891-6804666རྒྱག་ཆོག་ཅེས་དྲན་སྐུལ་བྱས། ཁོང་གིས”ཁེ་ལས་ཁག་གཅིག་ལས་འགོ་བཙུགས་མེད་པའམ་ཡང་ན་ལས་འགོའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད་པས་ཟླ་འདིའི་གདན་ཞུའི་ཚོགས་ཆེན་ཐོག་ཞུགས་པའི་མི་སྤྱོད་ཚན་པ་དེ་ཙམ་མང་པོ་མེད་མོད། འོན་ཀྱང་ཟླ་3པར་རང་ལྗོངས་སུ་ལས་མི་སྤྱོད་མང་ཤོས་དུས་སུ་སླེབས་རྒྱུ་ཡིན་པས་ལས་ཀ་འཚོལ་མཁན་དང་གདན་ཞུའི་ཚན་པའང་མང་དུ་འགྲོ་རྒྱུ་རེད”ཅེས་བཤད།
         ས་ཆ་དངོས་ཀྱི་གདན་ཞུའི་ཚོགས་ཆེན་ནང་ཞུགས་པ་ཡིན་ནའང་འདྲ། ཡང་ན། དྲ་ཐོག་ནས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བསྐུར་བ་ཡིན་ཡང་རུང་། ལོ་གསར་རྗེས་ཀྱི་གདན་ཞུའི་དུས་ཚིགས་དེ་ནི་ལས་ཀ་འཚོལ་མཁན་ཚང་མའི་ངོས་ནས་བརྗོད་ན། ཧ་ཅང་གལ་ཆེན་པོ་ཡིན་པས་ལས་ཀ་འཚོལ་མཁན་ཚོར་ལས་ཀ་ཡག་པོ་ཞིག་རག་ཆེད་ལས་རིགས་དེའི་མི་སྣས་གྲོས་འགོ་ཁག་གཅིག་བཏོན་པ་སྟེ།
         དང་ཐོག་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཡག་པོ་ཞིག་ནི་ལས་ཀ་བདེ་བླག་ངང་རག་རྒྱུའི་འགག་རྩ་ཡིན་པས། ཁྱེད་ཉིད་གདན་ཞུའི་ཚོགས་ཆེན་ནང་ཞུགས་མཁན་ཡིན་ནའང་འདྲ། ཡང་ན། གདན་ཞུའི་དྲ་ཚིགས་བརྒྱུད་ལས་ཀ་འཚོལ་མཁན་ཡིན་ཡང་རུང་། ངེས་པར་དུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་དེ་ཡག་པོ་འབྲི་དགོས། གཞན་ཡང་། ལས་ཀ་འཚོལ་མཁན་གྱིས་ལས་ཀ་འཚོལ་སྐབས་དོ་སྣང་མང་ཙམ་བྱས་ཏེ་མགོ་སྐོར་མི་ཐེབས་པ་བྱེད་དགོས། ལས་ཀ་འཚོལ་སྐབས་གལ་ཏེ་ངོ་སྤྲོད་བྱེད་མཁན་མེད་ཚེ་ངེས་པར་དུ་ཁེ་ལས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་པ་དང་དྲ་ཐོག་གི་གདན་ཞུའི་ཆ་འཕྲིན་ལ་དོ་སྣང་མང་ཙམ་བྱེད་དགོས།
         གཞན་ཡང་། ལས་ཀ་འཚོལ་མཁན་གྱིས་ཐབས་ལམ་གང་ཞིག་བརྒྱུད་ནས་ལས་ཀ་འཚོལ་བར་གལ་ཏེ་ཐོབ་ཐང་ལག་འཁྱེར་གཏའ་མར་འཇོག་དགོས་པའམ་ཡང་ན་ཁ་གསལ་མེད་པའི་གཏའ་དངུལ་འཇོག་དགོས་ཚེ་ངེས་པར་དུ་ཡིད་གཟབ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།