འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལམ་སྐྱོང་བཟའ་ཚོའི་ཐུན་མོང་མ་ཡིན་པའི་དཔྱིད་གསར་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་7ཉིན་གྱི་ལོ་གསར་གནམ་གང་གི་དགོང་མོར་མོང་ཆིང་ཧའེ་ཡིས“གནང་གང་ཉིན་འཁྱགས་ཐེབས་ལམ་བུ་སྨི་1200བཤངས་པ་ཡིན”ཞེས་བཤད། མཚོ་བོད་ལྕགས་ལམ་ཧོང་ཡུས་བཟོ་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ལྷག་ཙམ་དང་དྲོད་ཚད་ཀླད་ཀོར་འོག་གི་ཧྲི་ཧྲེ་ཏུའུ་25ཙམ་ཟིན་གྱི་ཡོད། ཞོགས་པའི་ཆུ་ཚོད་བརྒྱད་པར་ཟི་ལིང་ལམ་སྐྱོང་དུམ་བུའི་མཚེར་བ་རི་ལམ་བུའི་ལམ་སྐྱོང་ཁང་དུ་མོང་ཆིང་ཧའེ་ཡིས་ལས་སྒོའི་འཆར་གཞི་བརྒྱུད་བསྒྲགས་བྱེད་བཞིན་ཡོད་པ་དང་། མ་ཧྲེང་ཀྲེན་གྱིས་ལག་ཆ་ཚང་མིན་རྩིས་རྒྱག་བཞིན་ཡོད་པ་རེད།
         ལོ་48ལ་སླེབས་པའི་བོད་རིགས་སྐྱེས་པ་མོང་ཆིང་ཧའེ་ནི་པན་ཀྲང་ཡིན་པ་དང་ཧུའེ་རིགས་བུད་མེད་མ་ཧྲེང་ཀྲེན་ནི་དོ་དམ་པ་ཞིག་ཡིན་ལ་མ་བྱན་ཀྱང་བྱེད་ཀྱི་ཡོད་པ། ཁོང་གཉིས་ནི་བཟའ་ཚང་ཡིན་ཞིང་། ཁོང་གཉིས་དང་ལས་རོགས་བཅུ་ལྷག་ཙམ་གྱིས་སྤྱི་ལེ་32ཙམ་གྱི་ལྕགས་ལམ་སྲུང་སྐྱོང་གི་ལས་འགན་འཁུར་གྱི་ཡོད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10ཙམ་སོང་བ་དང་དེ་ཡང་ཁོང་གཉིས་ཀྱིས་ལྕགས་ལམ་བརྟན་སྲུང་བྱས་ནས་དཔྱིད་གསར་དུས་ཆེན་གཏོང་ཐེངས་བཅུ་པ་དེ་རེད།
         ཆུ་ཚོད་དགུ་པར་གྲང་འགོག་གྱོན་ཆས་གྱོན་པའི་ལས་རོགས་ཚོས་རླངས་འཁོར་ནང་འཛུལ་བ་དང་རླངས་འཁོར་ཐོན་མཚམས་སུ་མ་ཧྲེང་ཀྲེན་གྱིས“དེ་རིང་གནམ་གང་ཡིན་པས་དགོང་ཟས་ལུག་ཤ་རྡོག་བཙོས་བརྒྱབ་ཆོག ཁྱེད་ཚོ་ལས་ཀར་འགྲོ་སྐབས་གཟབ་གཟབ་བྱེད་ཨ”ཞེས་མངགས་བྱ་བྱེད་སྐབས་ལོ་26ལ་སླེབས་པའི་ཁ་ལོ་བ་བསོད་ནམས་རྡོ་རྗེས“བློ་བདེ་པོ་གནང་། ལས་ཀ་ཚར་རྗེས་སྔ་ཙམ་ཡོང་ནས་ལུག་ཤའི་ཐང་འཐུང་བ་དང་དཔྱིད་གསར་མཚན་ཚོགས་ལྟ་བར་ཡོང་གི་ཡིན”ཞེས་དགའ་སྤྲོའི་ངང་ལན་བརྒྱབ།
         ཆུ་ཚོད་10དང་སྐར་མ་30ཡི་ཐོག་རླངས་འཁོར་ལས་ཡུལ་དུ་སླེབས། རླངས་འཁོར་ནས་བབས་སྐབས་གྲང་རླུང་འུར་འུར་དུ་ལྡང་བས་ཁོང་ཚོས་དེ་མུར་མིག་ལས་མཐོང་རྒྱུ་མེད་པའི་ཞྭ་མོ་མཐུག་པོ་ཞིག་གྱོན་ཏེ་ལག་ཆ་རྣམས་རླངས་འཁོར་ནས་ཕབ། ཆུ་ཚོད་11དང་སྐར་མ་20ཡི་ཐོག་བཀའ་འབྱོར་རྗེས་མོང་ཆིང་ཧའེ་ཡིས་ལས་བཟོའི་སྣེ་ཁྲིད་དེ་ལས་ཡུལ་དུ་བསྐྱོད།
         མོང་ཆིང་ཧའེ་ཡིས་པུས་མོ་བཙུགས་ཏེ་ལྕགས་ལམ་གྱི་མཐོ་དམན་ལ་བལྟས་རྗེས་ལྕགས་ལམ་ཐོག་གྲངས་གཞི་བཀོད་འགོ་ཚུགས། དེ་གར་ས་བབ་མཐོ་བས་མགོ་ཡུར་མི་འཁོར་བ་བྱ་ཆེད་ཁོང་གིས་ལམ་ལྕགས་འཇུ་བཞིན་དབུགས་ཧལ་ཧལ་ངང་ཡར་ལངས་ཀྱི་ཡོད། གྲང་རླུང་འུར་འུར་ངང་ལྡང་བའི་སྒྲ་དང་། འཕྲུལ་ཆས་ཀྱི་ལྡིར་སྒྲ། ལྕགས་རྡུང་སྒྲ། ངལ་རྩོལ་པའི་གླུ་སྒྲ་བཅས་མཐའ་ཡས་ས་མཐོའི་མཁའ་དབྱིངས་སུ་གྲགས།
         ཆུ་ཚོད་14པར་ཚང་མ་ངལ་གསོ་བཞིན་ལམ་ངོགས་སུ་ཁ་ཟས་བཟས། མོང་ཆིང་ཧའེ་ཡིས“ལམ་སྐྱོང་བཟོ་པ་ཚོས་ལོ་གཅིག་དུས་བཞིའི་རིང་ཕྱིར་བཟའ་སྡོད་བྱེད་ཀྱི་ཡོད། ཁ་ལག་ཟ་བའི་དུས་ངེས་མེད་ཡིན་སྟབས་ཕོ་རྒྱུ་ཡག་པོ་མེད། རྒྱུན་དུ་ལམ་ལྕགས་གྲང་མོའི་སྟེང་ལས་ཀ་བྱེད་དགོས་པས་ལས་གྲོགས་མང་ཆེ་བར་མཁལ་གཅོང་དང་གྲུམ་ནད་སོགས་ཀྱི་ནད་གཞི་ཕོག་ཡོད”ཅེས་བཤད།
         མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་10སོང་རིང་། མོང་ཆིང་ཧའེ་དང་བཅས་པས་ལྟ་སྐྱོང་བྱས་པའི་ལམ་བུ་རིམ་རྩིས་བྱས་ན་སྤྱི་ལེ་ཁྲི་2.6ཙམ་ཟིན་ཡོད། མོང་ཆིང་ཧའེ་དང་བཟའ་ཟླས་བཟོ་ཁུལ་གྱི་ཏང་ཡོན་དང་ལས་བཟོ་མི་སྒེར་གྱི་བདེ་འཇགས་ཐོན་སྐྱེད་བྱེད་གྲངས་ཉིན་3650ཡི་ཟིན་ཐོ་རྒྱུན་འཁྱོངས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།