འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོར་ཕྱི་ཕྱོགས་མ་དངུལ་བསྡུ་ལེན་བྱེད་ཚད་དུས་མཚུངས་ལས་3.2%འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་16ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོར་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་མ་དངུལ་བསྡུ་ལེན་བྱེད་པའི་ཐད་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱུང་ནས་ཕྱི་ཕྱོགས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་882.5(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་140.7ཡིན་པ)དངོས་སུ་བེད་སྤྱོད་བྱས་པ་དེ་དུས་མཚུངས་ལས་3.2%འཕར་ཡོད།
         ཚོང་དོན་པུའུ་ཕྱི་ཕྱོགས་མ་དངུལ་སིའི་འགན་ཁུར་མི་སྣས་ཟླ་དང་པོར་རང་རྒྱལ་གྱིས་ཕྱི་ཕྱོགས་མ་དངུལ་བསྡུ་ལེན་བྱེད་པའི་ཐད་གཤམ་གྱི་ཁྱད་ཆོས་ལྡན་ཡོད་ཅེས་བཤད་པ་སྟེ།
         ཕྱི་རྒྱལ་ཚོང་པའི་མ་འཇོག་ལས་རིགས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཞིང་། ཟླ་དང་པོར་ཞབས་ཞུའི་ལས་རིགས་ལ་ཕྱི་ཕྱོགས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་596དངོས་སུ་བེད་སྤྱོད་བྱས་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་། རྒྱལ་ཡོངས་བསྡོམས་འབོར་ཁྲོད་ཀྱི་བསྡུར་གྲངས་དེ་67.6%ཟིན་པའི་ནང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་ཕྱི་ཕྱོགས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་72དངོས་སུ་བེད་སྤྱོད་བྱས་པ་དེ་དུས་མཚུངས་ལས་123.4%འཕར་ཡོད།
         ཨ་རི་དང་། ཡོ་རོབ། རི་པིན་བཅས་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཞིང་། ཨང་དང་པོ་ནས་བཅུ་པ་བར་གྱི་རྒྱལ་ཁབ་དང་ས་ཁུལ་གྱིས་ཕྱི་ཕྱོགས་མ་དངུལ་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་843.8དངོས་སུ་བཏང་བ་དེས། རྒྱལ་ཡོངས་ཀྱིས་དངོས་སུ་སྤྱོད་པའི་ཕྱི་ཕྱོགས་མ་དངུལ་གྱི་95.6%བཟུང་བ་དང་དུས་མཚུངས་ལས་2.6%འཕར་ཡོད། ཨ་རི་དང་། ཡོ་རོབ། རི་པིན་བཅས་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཚད་ཆེ་རུ་ཕྱིན་པ་དེ་463.6%དང་30.9% 22.8%བཅས་སོ་སོ་ཡིན་པ་རེད།
         ཕྱི་ཕྱོགས་མ་དངུལ་མཉམ་ཉོ་ཉོ་འཚོང་ཁེ་ལས་ཀྱི་གྲངས་ཚད་དང་མ་དངུལ་བསྡུ་ལེན་གྱི་གཞི་ཁྱོན་གཉིས་ཀ་ཆེ་རུ་ཕྱིན་ཞིང་། ཟླ་དང་པོར་ཕྱི་རྒྱལ་གྱི་ཚོང་པས་མཉམ་ཉོ་བྱེད་པའི་བྱེད་ཐབས་ཐོག་ནས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་114གསར་འཛུགས་བྱས་ནས་ཕྱི་ཕྱོགས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་344དངོས་སུ་སྤྱོད་པ་དེ་དུས་མཚུངས་ལས་6.5%དང་15.7%སོ་སོར་འཕར་ཡོད། རྒྱལ་ཡོངས་ཀྱིས་དངོས་སུ་བེད་སྤྱོད་བྱས་པའི་ཕྱི་ཕྱོགས་མ་དངུལ་བསྡོམས་འབོར་ཁྲོད་མཉམ་ཉོས་བཟུང་བའི་བསྡུར་ཚད་དེ་ལོ་གོང་མའི་དུས་མཚུངས་ལས་34.7%ནས་39%བར་མཐོ་རུ་ཕྱིན་ཡོད།
         ནུབ་རྒྱུད་ས་ཁུལ་དུ་མ་དངུལ་བསྡུ་ལེན་བྱེད་ཚད་མངོན་གསལ་དོད་པོས་འཕར་ཞིང་། ཟླ་དང་པོར་ནུབ་རྒྱུད་ས་ཁུལ་དུ་ཕྱི་ཕྱོགས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་58.7དངོས་སུ་བེད་སྤྱོད་བྱས་པ་དེ་དུས་མཚུངས་ལས་16.9%འཕར་ཡོད་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།