འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་ལྷོ་མཚོའི་གནད་དོན་ཐད་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་གི་
    རྣམ་འགྱུར་འཛིན་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་18ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་16ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨོ་སི་ཁྲུ་ལི་ཡས་ལྷོ་མཚོའི་གནད་དོན་ཐད་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་གི་རྣམ་འགྱུར་འཛིན་དགོས་པ་ལས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་པའི་བྱ་བ་སྤེལ་མི་རུང་ཞེས་གསུངས་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14ཉིན་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་པི་ཞའོ་ཕུས་རི་པིན་དང་ཀྲུང་གོར་འཚམས་འདྲི་མ་བསྐྱོད་གོང་གསར་འགོད་པར་ངས་ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱེད་སྐབས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ལྷོ་མཚོའི་ཁུལ་གྱི་མཚོ་ཁོངས་མཁའ་དབྱིངས་དང་དམག་དམངས་མཁའ་སྐྱོད་རང་མོས་མུ་མཐུད་སྲུང་སྐྱོང་བྱེད་དགོས་པའི་བསྐྱར་བསྒྲགས་བྱས་པ་དང་ཆབས་ཅིག་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་གྱི་གནས་ཚུལ་གསར་ཤོས་ཐད་ཀྲུང་གོ་ཕྱོགས་ཀྱི་གསལ་བཤད་ཐོབ་རེ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཏམ་སྤྱོད་གཅིག་མཐུན་ཡོང་བ་བྱས་ནས་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་བྱེད་མཚམས་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཧྥི་ལི་ཕིན་གྱིས་ལྷོ་མཚོའི་རྩོད་གཞི་དེ་རྒྱལ་སྤྱིས་ཁྲུན་ཐག་གཅོད་རྒྱུ་འབུལ་རྒྱུར་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         “ང་ཚོས་ཕྱི་འབྲེལ་པུའུ་པི་ཞའོ་ཕུའུ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དབར་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད”ཅེས་ཧུང་ལེས་གསུངས་པ་དང་། ཁོང་གིས་ལྷོ་མཚོའི་གནད་དོན་སྐོར་ལ་ང་ཚོས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་ལ་གསལ་བཤད་ཐེངས་མང་བྱས་ཡོད་པས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་དེའི་ཐད་ཧ་གོ་དོན་གསལ་རེད་ཅེས་གསུངས་པ་རེད།
         ཧུང་ལེས་ཧྥི་ལི་ཕིན་གྱིས་ཕྱོགས་རྐྱང་པའི་ཐོག་ནས་རྒྱལ་སྤྱིས་ཁྲུན་ཐག་གཅོད་དགོས་ཞེས་བཏོན་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན་མེད་ལ་ཀྲུང་གོ་དང་ཧྥི་ལི་ཕིན་ཕྱོགས་གཉིས་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་དེ་བཞིན་《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》གྱི་འབྲེལ་ཡོད་གཏན་འབེབས་ལས་བརྒལ་བར་བརྟེན་ཀྲུང་གོ་ཕྱོགས་ཀྱིས་རྩ་བ་ནས་དང་ལེན་བྱེད་མི་སྲིད་ལ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་གདམ་གསེས་རང་བཞིན་གྱི་སྒོ་ནས་ཕྱི་རོལ་ཡུལ་གྱི་དོན་དངོས་དེ་ལས་གཡོལ་ཐབས་བྱེད་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་མངའ་ཁོངས་ནང་དགོས་ངེས་ཀྱི་རྒྱལ་ཁབ་ས་ཆའི་འགོག་སྲུང་སྒྲིག་ཆས་བཀོད་སྒྲིག་བྱེད་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་བདག་དབང་རྒྱལ་ཁབ་ལ་དཀྲིས་པའི་རང་སྲུང་དབང་ཆ་དང་རང་སྐྱོབ་དབང་ཆ་ལག་བསྟར་བྱེད་པ་ཞིག་ཡིན་པས་ཕྱོགས་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིར་བཟུང་ལྷོ་མཚོར་ལྡན་པའི་མཁའ་སྐྱོད་དང་འཕུར་སྐྱོད་རང་མོས་ལ་ཤུགས་རྐྱེན་ཕོག་མི་སྲིད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་གི་རྣམ་འགྱུར་འཛིན་པ་ལས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་པའི་བྱ་བ་སྤེལ་མི་རུང་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།