འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཞོར་ཉོ་ཚོང་ཁྲོམ་རར་ཁང་པའི་བདག་དབང་གི་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་ཐོན་ཟོག་གི་འཁོར་རྒྱུག་མ་ལག་འཛུགས་སྐྱོང་ལ་སྔར་བས་རྒྱབ་སྐྱོར་བྱ་ཆེད། ཉེ་ཆར། ནོར་སྲིད་པུའུ་དང་རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་བའི་ནང་། ཞིང་ལས་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རར་ཁང་པའི་བདག་དབང་གི་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་ལ་མུ་མཐུད་གཟིགས་སྐྱོང་བྱ་རྒྱུ་དང་། 2016ལོའི་ཟླ་1ཚེས་1ནས་2018ལོའི་ཟླ་12ཚེས་31ཉིན་བར་ཞིང་ཟོག་ཆེད་གཉེར་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རས་སྤྱོད་པའི་ས་ཁང་དང་ས་ཆར་(རང་ལ་དབང་བ་དང་བོགས་མར་ལེན་པ་ཚུད་པ)གནས་སྐབས་ཤིག་རིང་ཁང་པའི་བདག་དབང་གི་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ་མ་ཟད། ཚོང་ཟོག་གཞན་མཉམ་དུ་འཚོང་བའི་ཞིང་ཟོག་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རས་སྤྱོད་པའི་ས་ཁང་དང་ས་ཆར་ཐོན་ཟོག་གཞན་དང་ཞིང་ལས་ཐོན་ཟོག་ཉོ་ཚོང་ས་ཆའི་རྒྱ་ཁྱོན་གྱི་བསྡུར་ཚད་ལ་གཞིགས་ནས་ཁང་པའི་བདག་དབང་གི་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ་འཁོད་ཡོད།
         བརྡ་ཐོའི་ནང་། ཞིང་ལས་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནི་བཟོ་ཚོང་སྡེ་ཚན་བརྒྱུད་ཐོ་བཀོད་བྱས་པ་ཞིག་ཡིན་ཁར། ཉོ་མཁན་དང་ཚོང་མཁན་ཕྱོགས་གཉིས་པོས་ཞིང་ལས་ཐོན་ཟོག་དང་དེ་བཞིན་ཐོག་མའི་ལས་སྣོན་བྱས་པའི་ལག་ཡོད་ཚོང་ཟོག་སྡེབ་ཚོང་ངམ་སིལ་ཚོང་བྱ་ཡུལ་ལ་བརྗོད། ཞིང་ལས་ཐོན་ཟོག་ནང་འབྲུ་རིགས་དང་། སྣུམ། བྱ་སྒོང་ཤ་གསུམ། སྔོ་ཚལ། ཤིང་འབྲས་སྐམ་པོ། ཆུ་ཐོན་དངོས་ཟོག སྨན་སྣ། སོ་སྲིང་བཏགས་མ། ཕྱུགས་རིགས། བཟའ་ཆོག་པའི་ནགས་ལས་ཐོན་ཟོག་དང་དེ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ནོར་སྲིད་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་བཟའ་ཆོག་པའི་ཞིང་ལས་ཐོན་ཟོག་གཞན་བཅས་ཚུད་པ་ཁ་གསལ་བསྟན་ཡོད།
         བརྡ་ཐོའི་ནང་། གོང་གསལ་དཔྱ་ཁྲལ་གཟིགས་སྐྱོང་བྱ་ཡུལ་གྱི་ཁང་པའི་བདག་དབང་དང་ས་ཆ་ཞེས་པ་ནི་ཞིང་ལས་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རས་ཞིང་ལས་ཐོན་ཟོག་ཉོ་ཚོང་ཞབས་ཞུ་ཐད་ཀར་བྱ་ཡུལ་གྱི་ཁང་པའི་བདག་དབང་དང་ས་ཆ་ཡིན་དགོས། ཞིང་ལས་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་སྲིད་འཛིན་གཞུང་དོན་ཁུལ་དང་། འཚོ་བའི་ཁུལ། ཚོང་ལས་བཟའ་བཏུང་སྤྲོ་སྐྱིད་ཁང་སོགས་ཞིང་ལས་ཐོན་ཟོག་ཉོ་ཚོང་ལ་ཐད་ཀར་ཞབས་ཞུ་མི་བྱེད་པའི་ཁང་པའི་བདག་དབང་དང་ས་ཆ་ནི་བརྡ་ཐོའི་ནང་གཏན་འབེབས་བྱས་པའི་གཟིགས་སྐྱོང་ཁྱབ་ཁོངས་ནང་ཚུད་མེད་པས་གཏན་འབེབས་ལྟར་ཁང་པའི་བདག་དབང་གི་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་པའི་དཔྱ་ཁྲལ་བསྡུ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།