འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་
    པ་གཟབ་རྒྱས་ངང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་28ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ་དང་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་།
    པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ་དང་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་ཟླ་1ཚེས་27ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་འཆང་བཞིན་ཚོགས་འདུ་རྒྱས་འཛོམས་ལ་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁུར་ཡོད། བོད་ལྗོངས་མི་དམངས་ཚོགས་ཁང་ནང་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཕེལ་བ་ཞིག་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་བ་དང་འགོ་ཁྲིད་མི་སྣ་ལྔའི་སྐུ་པར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་ཞེས་པའི་སྐུ་པར་ཧ་ཅང་མངོན་གསལ་དོད་སར་བཀལ་ཡོད་པ་རེད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཁྲེན་ཆོན་གོ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། ཞུས་ཡུང་། ཏེའོ་གོ་ཤིན། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། ལེགས་མཆོག པ་སངས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་འདུར་ཕེབས་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པར་ཕེབས་དགོས་པའི་འཐུས་མི་435ཡོད་པ་དང་དངོས་སུ་ཕེབས་མཁན་འཐུས་མི་363ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་པད་མ་འཕྲིན་ལས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད།
         ཚོགས་ཆེན་གྱི་གྲོས་རིམ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་ཕྱིར་དྲན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད་དང་ལས་འགན་གཙོ་བོ། 2016ལོའི་གཙོ་གནད་ལས་དོན་བཅས་ཁག་ཆེན་པོ་གསུམ་དུ་དབྱེ་ཡོད་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་འདས་ཟིན་པའི་ལོ་ལྔ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་དོན་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། “འཛིན་ཐབས་ཆ་དྲུག”ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “བྱ་ཐབས་དྲུག”ལ་ཤུགས་སྣོན་རྒྱག་པ། “མཐའ་ཚད་གསུམ”བརྟན་པོ་སྲུང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་བརྩོན། གསར་འབྱེད་གསར་གཏོད་བྱེད་པ་བཅས་བྱས་པས་དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་བྱུང་བ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད་པའི་མཛུབ་སྟོན་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1026.39ཟིན་ནས་11%འཕར་ཏེ་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25457ཟིན་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ནས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་66.8% དང་ལྡབ་1སོ་སོར་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཕྱིར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། ཞིང་འབྲོག་ལས་འཕེལ་རྒྱས་ཐད་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་རྨང་གཞི་གསར་པ་བཏིང་བ། ཁྱད་ལྡན་ཐོན་ལས་ཐད་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་ཚད་བརྒལ་གསར་པ་བྱུང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་བྱུང་བ། སྒྱུར་བཅོས་སྒོ་དབྱེའི་ཐད་མཉམ་ལས་གཉིས་ཁེའི་རྣམ་པ་གསར་པ་བཏོད་པ། དཔལ་འབྱོར་འཕེལ་རྒྱས་ཐད་ཚན་རྩལ་མི་སྣས་གསོན་ཤུགས་གསར་པ་སྦྱིན་པ། དམངས་འཚོའི་བྱ་གཞག་ཐད་ཕྱོགས་ཡོངས་ནས་ལེགས་བཅོས་དང་གྲུབ་འབྲས་གསར་པ་ཐོན་པ། སྤྱི་ཚོགས་དུས་བབ་ཐད་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་གསར་པ་བཏོད་པ་བཅས་ཕྱོགས་བརྒྱད་ལ་གཙོ་གནད་ཐོག་དམིགས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་བོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་རེད།
         བློ་བཟང་རྒྱལ་མཚན་གྱིས་མཛུབ་སྟོན་གནང་དོན། དུས་ཡུན་རིང་པོའི་ནང་དཀའ་སྤྱད་འབད་འཐབ་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་བོད་ལྗོངས་དེ་ཉིད་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་གནས་ཡོད། དེའང་འཕེལ་རྒྱས་ཀྱི་འདུ་ཤེས་དེ་བས་ཚན་རིག་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ཡངས་ཤིང་རྒྱ་ཆེ་བ་བཅས་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བརྩི་སྲུང་ཞུ་ཡུལ་ཞིག་དང་། བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་རྒྱུན་འཁྱོངས་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཞིག ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་བྱེད་པ་དེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤུགས་ཆེའི་སྒུལ་ཤུགས་ཤིག མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་ས་ཞིག དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་ཐུབ་པ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག ཀྲུང་དབྱང་གི་དགོངས་དོན་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་“663”ལས་ཀའི་བསམ་ཕྱོགས་གསར་གཏོད་དང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་བཅས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། དེར་བརྟེན་ང་ཚོས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་། ལག་བསྟར་གཏིང་ཟབ། ཡུན་རིང་མཐའ་འཁྱོངས་བཅས་བྱེད་དགོས།
         བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་དང་རང་ལྗོངས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དང་དུས་སྐབས་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་འགན་གཙོ་བོ་ཁག་དྲུག་ལེགས་སྒྲུབ་བྱ་རྒྱུར་ཤུགས་རྒྱག་དགོས་པ་སྟེ། གཅིག་ནས་གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ནང་ངོས་ཀྱི་སྒུལ་ཤུགས་ལ་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་། “ནུབ་གློག་ཤར་འདྲེན”གྱི་རྒྱུན་མཐུད་རྟེན་གཞི། འཐབ་ཇུས་ཐོན་ཁུངས་གྲབས་གསོག་གི་རྟེན་གཞི། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་བཅས་སྐྲུན་མགྱོགས་སུ་གཏོང་དགོས་པ་དང་། གཉིས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུ་མཐའ་འཁྱོངས་བྱས་ནས་གྲུབ་ཆའི་བཀོད་སྒྲིག་ལེགས་སུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ་ལེགས་ཆ་ལྡན་པའི་ས་ཁོངས་སྔོན་ལ་འཕེལ་རྒྱས་ཡོང་བ་བྱས་ཏེ་ཉམས་ཞན་ས་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་འཇོག་ཕན་འབྲས་སྔར་བས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། གསུམ་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། སྣོད་བཅུད་བོད་དར་དང་སྣོད་བཅུད་དམངས་ཕྱུག་མཐའ་འཁྱོངས་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་པ་དང་། སྦགས་བཙོག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་གལ་ཆེ་མཉམ་དུ་འཛིན་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ནུས་ལྡན་གཏོང་བ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། བཞི་ནས་སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གཉིས་ཁེ་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་དཀྱིལ་ཡངས་དང་། སྒོ་དབྱེ། མཉམ་ལས་བཅས་ཀྱི་སྲིད་ཇུས་མ་ལག་བསྐྲུན་རྒྱུ་ཚད་བརྒལ་ཡོང་གཞིར་བྱས་ཏེ་ནང་ཁུལ་སྒོ་དབྱེ་གཙོ་གནད་དུ་འཛིན་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། ལྔ་ནས་མཉམ་སྤྱོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་དགོས། དམངས་འཚོར་སྔོན་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བསམ་པ་རྣམ་དག་འཆང་བ་དང་། བརྩེ་སེམས་ངོ་མ་འཆང་བ། བརྩེ་སེམས་ཟབ་མོ་འཆང་བ། ཐབས་ཇུས་དངོས་འདོན་པ་བཅས་བྱས་ནས་ལོ་ལྟར་དམངས་ཕན་དམངས་བདེའི“བྱ་བ་དངོས་ཁག་བཅུ”ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་ངང་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ། དྲུག་ནས་ཞི་མཐུན་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བ་བྱེད་དགོས། བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་ཏེ་བོད་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་ཡང་དག་ཆུད་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         2016ལོའི་གཙོ་གནད་ལས་དོན་ཐད་བློ་བཟང་རྒྱལ་མཚན་གྱིས་སྙན་སྒྲོན་ནང་ཕྱོགས་དྲུག་གི་ཐད་ནས་གཙོ་གནད་ཐོག་བཀོད་སྒྲིག་གནང་བ་སྟེ། གཅིག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་དགོས། ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་500ཡན་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཀྱི་མ་འཇོག་བྱེད་སེམས་འཕེལ་བ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1600ཡན་ལེགས་སྒྲུབ་བྱེད་དགོས་པ་དང་། གཉིས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི་བཟོས་ནས་མ་དངུལ་སྒོར་དུང་ཕྱུར་85བཏང་ནས་མི་ཁྲི་12.97གནད་སྨིན་དབུལ་སྒྲོལ་ཐུབ་པ་དང་མི་ཁྲི་2.5གནས་སྤོས་དབུལ་སྐྱོར་ཐུབ་པ་དང་བོད་སྐྱོར་མ་དངུལ་60%ཡན་དབུལ་སྐྱོར་གསར་སྤེལ་ཐད་སྤྱོད་དགོས་པ། གསུམ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། སྒོར་དུང་ཕྱུར་167བཏང་ནས་དམངས་འཚོའི“བྱ་བ་དངོས་ཁག་བཅུ”ལེགས་པར་བསྒྲུབས་ནས་ཕྱོགས་10ཡི་ཐད་ཀྱི་དམངས་ཕན་སྲིད་ཇུས་ཁག་29ཡི་ཚད་གཞི་མཐོ་རུ་གཏོང་དགོས་པ། བཞི་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་འཛུགས་དགོས། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རང་བྱུང་འཐུང་ཆུའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཡུལ་སྐོར་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས་པ། ལྔ་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་དང་རྩྭ་ར་འགན་གཙང་གི་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་དྲ་ཐོག་ནས་ཞིབ་མཆན་འགོད་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་སྤྱིའི་འགན་གཙང་ལམ་ལུགས་དང་ཚབ་སྐྲུན་ལམ་ལུགས་ལག་ལེན་བསྟར་ཏེ་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ཁྲོམ་ར་ཅན་གྱི་འཁོར་རྒྱུག་ཐུབ་རྒྱུར་སྐུལ་མ་གཏོང་བ་དང་། ཞིང་གློག་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དངུལ་རྩས་ཕན་འབྲས་ལྡན་པའི་ངང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་ཁེ་ལས་ས་ཁོངས་ཅན་དུ་འགྱུར་བ་བྱེད་པ། ཚད་གཞི་མཐོ་པོའི་ངང་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཡག་པོ་གཉེར་བ། ཚོང་འགུགས་མ་འདྲེན་གྱི་གཞི་ཁྱོན་ཆེ་རུ་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། དྲུག་ནས“མཐའ་ཚད་གསུམ”བརྟན་པོ་བསྲུང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། ཞི་མཐུན་བརྟན་ལྷིང་གི་མཐའ་ཚད་བརྟན་སྲུང་གིས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་གིས་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་100ལེགས་སྒྲུབ་བྱས་ཏེ་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་གིས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་མི་ཐོན་པ་བྱེད་དགོས་པ་བཅས་རེད།
         བློ་བཟང་རྒྱལ་མཚན་གྱིས་མཛུབ་སྟོན་གནང་དོན། བརྗིད་ཆེའི་འཆར་གཞི་བཏིང་ཟིན། རྒྱང་སྐྱོད་རྡུང་བརྡ་བསྒྲགས་ཟིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བསམ་བློ་བཅིངས་འགྲོལ་དང་། གསར་འབྱེད་གསར་གཏོད། འགན་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།
         ཚོགས་འདུའི་གྲོས་རིམ་ལ་གཞིགས་ནས་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་(འཆར་ཟིན)དང་། བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་སྙན་སྒྲོན། བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཅས་པར་འགྲེམས་བྱས་ནས་འཐུས་མིས་ཞིབ་བཤེར་གནང་རྒྱུར་ཕུལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།