འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་
    ལས་དོན་སྙན་སྒྲོན་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་
ལས་དོན་སྙན་སྒྲོན་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གསན་པ་རེད།
         ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཕེབས་དགོས་པའི་འཐུས་མི་435ཡོད་པ་དང་དངོས་སུ་ཕེབས་པ་372ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། ཞུས་ཡུང་། ཏེའོ་གོ་ཤིན། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། ལེགས་མཆོག པ་སངས་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།
         ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་སྐར་མས་གཙོ་སྐྱོང་གནང་བ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཀྲོའུ་ཁྲུན་ལའེ་དང་། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། ལིའུ་ཀོང་ཤུས་བཅས་ཕེབས་པ་རེད།
         པད་མ་འཕྲིན་ལས་ཀྱིས་ཕྱོགས་བདུན་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཕྱོགས་སྡོམ་དང་ངོམ་འཕྱར་བྱས་པ་དང་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཐད་ཀྱི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་པ་དང་། གཉིས་ནི་སྤུས་ཚད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་དང་སྒྱུར་བཅོས་བྱེད་ཐབས་ཁྲོད་ཀྱི་ཁྲིམས་འཛུགས་ཀྱི་སྐུལ་འདེད་དང་འགན་ལེན་ནུས་པ་བཏོན་པ། གསུམ་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྟ་སྐུལ་འགན་ནུས་ནུས་ལྡན་ངང་སྒྲུབ་པ་དང་། ལྟ་སྐུལ་ལས་དོན་སྤེལ་སྟངས་དང་སྤེལ་ཐབས་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་དང་། གླེང་མང་བའི་གནད་དོན། དམངས་འཚོའི་ཁྱབ་ཁོངས་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་མ་བཏང་བ། བཞི་ནི་ཁྲིམས་མཐུན་ལུགས་མཐུན་བྱ་རྒྱུ་མཐའ་འཁྱོངས་དང་། དུས་ཚོད་འོས་འཚམས་ནང་གྲོས་ཆོད་གཏན་འབེབས་འོས་འཚམ་ངང་བྱས་པ། ལས་དོན་འགངས་ཆེན་དང་མི་དོན་བསྐོ་འཐེན་གྱི་གནད་དོན་གྲོས་བསྡུར་དང་གཏན་འབེབས་བྱེད་པའི་དབང་ཆ་ལག་བསྟར་ཏན་ཏིག་བྱས་པ། ལྔ་ནི་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཁྲོད་མཉམ་འདྲེས་དང་། རྒྱུན་གཏན་གྱི་ལས་དོན་ཁྲོད་མཉམ་འདྲེས། ཁྲིམས་ལུགས་དྲིལ་བསྒྲགས་ཁྲོད་མཉམ་འདྲེས་བཅས་བྱས་པ། དྲུག་ནི་འཐུས་མི་བྱེད་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ་འཐུས་མིའི་འགན་འཁྲི་གཙང་སྒྲུབ་ཀྱི་སྟེགས་བུ་གསར་པ་བསྐྲུན་ནས་གྲོས་གཞི་དང་གྲོས་འགོ་བདག་སྤྲོད་ལས་དོན་འཐུས་ཚང་དུ་གཏོང་བ་དང་། འཐུས་མིར་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ། འཐུས་མིའི་འགན་འཁྲི་སྒྲུབ་པར་ཞབས་ཞུ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པ། བདུན་ནི་སྤྱི་འདོམས་མཐུན་སྦྱོར་མཐའ་འཁྱོངས་བྱས་ཏེ་ཕྱི་ནང་སྤེལ་རེས་དང་འགྲོ་འོང་སྔར་བས་ཡག་པོ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ནུས་ཕྱོད་ཆེ་རུ་ཧུར་ཐག་བཏང་བ་བཅས་རེད།
         པད་མ་འཕྲིན་ལས་ཀྱིས་2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་ཀྱི་འགོ་འཛུགས་ལོ་ཞིག་དང་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པས་འདི་ལོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་དང་། སྤྱི་ཡོངས། འགན་འཁྲི་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་རྣམས་འདི་ལོའི་ལས་ཀའི་གཙོ་རྐང་དུ་འཛིན་ནས་དམ་འཛིན་ཏན་ཏིག་བྱེད་དགོས། ཁྲིམས་འཛུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་ཁྲིམས་འཛུགས་པ་དང་། དམངས་ཆེད་ཁྲིམས་འཛུགས་པ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་པ་བཅས་བྱས་ཏེ་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཁྲིམས་འཛུགས་ལས་ཀའི་ལྟེ་བར་འཛིན་ནས་དམ་འཛིན་ཏན་ཏིག་བྱེད་དགོས། ལྟ་སྐུལ་གྱི་ཕན་འབྲས་དངོས་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱི་ཡོངས་ལ་དམིགས་པ་དང་། གཙོ་གནད་མངོན་གསལ་དོད་པོ། དངོས་ཕན་བརྩོན་གཉེར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ལྟ་སྐུལ་ལས་ཀའི་གཙོ་གནད་ལ་བརྩིས་ཏེ་དམ་འཛིན་ཏན་ཏིག་ཡག་པོ་བྱེད་དགོས། འཐུས་མིའི་ནུས་པ་ཡག་པོ་འདོན་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འབྲེལ་གཏུག་ལ་ཤུགས་སྣོན་དང་ནུས་པ་འདོན་སྤེལ”བྱ་རྒྱུ་དེ་འཐུས་མིའི་ལས་ཀ་ལེགས་གཏོང་གི་འགག་རྩའི་ལྷུ་ཚིགས་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དམ་འཛིན་ལྷོད་མེད་དང་དམ་འཛིན་ནན་པོ་དང་དོ་དམ་མཁས་པོ་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བ་བྱ་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་བའི་ལས་འགན་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དངོས་འཛིན་དངོས་སྒྲུབ། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ། ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་འགོ་ཡག་པོ་ཞིག་འཛུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་ཆེད་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།