འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་དགུན་སྒྲོལ་བྱེད་པར་ཡོང་མཁན་ཆུ་བྱའི་གྲངས་འབོར་ལྡབ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནགས་ལས་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཟླ་1ཚེས་9ཉིན་ནས་བཟུང་རྒྱལ་ཡོངས་དང་མཉམ་དུ་དགུན་དུས་ཆུ་བྱར་དུས་མཉམ་དུ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་འགོ་བཙུགས་པ་རེད།
         མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་སྲོག་ཆགས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་1ཚེས་9ཉིན་ཟིན་ཐོ་བཀོད་པའི་གྲངས་གཞི་ལས་མངོན་པར། དགུན་དུས་མཚོ་སྔོན་དུ་དགུན་སྒྲོལ་དུ་ཡོང་མཁན་ཆུ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཆུ་བྱ་རིགས་28ཡོད་པ་ཤེས་ཤིང་། ཁྱུ་ཚོགས་ཀྱི་གྲངས་འབོར་13500ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་སུ་བརྟག་དཔྱད་བྱས་པ་ལས་ལྡབ་གཅིག་འཕར་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་འདམ་ར་མང་བའི་ཞིང་ཆེན་གྱི་གྲས་ཤིག་ཡིན་ཞིང་། དཔྱད་གཞིའི་ཡིག་རིགས་ལས་མངོན་པར། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆུ་བོ་དང་། མཚེའུ། འདམ་གཞོང་། མིས་བཟོས་རྫིང་བུ་བཅས་རྒྱ་ཁྱོན་སྤྱི་ཆིང་5568890ཟིན་པའི་འདམ་ར་རིགས་ཆེ་གྲས་བཞི་ཡོད་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་བསྡོམས་འབོར་གྱི་7.71%ཟིན་གྱི་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་ད་ཐེངས་བརྟག་དཔྱད་བྱ་ཡུལ་དབྱེ་སྟངས་ནི་《མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐོན་ཁུངས་ལ་བརྟག་དཔྱད་བྱེད་ཐེངས་གཉིས་པའི་ས་ཁམས་ཚན་པ་དབྱེ་འབྱེད་བྱེད་སྟངས་》དང་བརྟག་དཔྱད་བྱ་ཡུལ་དངོས་གཞིར་བཟུང་ཡོད་པ་དང། གཙོ་བོ་མཚོ་སྔོན་པོ་དང་། གོར་མོ་ཆུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་འབྲི་ཆུ། རྨ་ཆུ་(ལུང་ཡངས་གྲོག་རོང་གི་ཆུ་མཛོད་ནས་ཅི་ཧྲི་གྲོག་རོང་བར)སོགས་དར་འགྲིག་མེད་པའི་མཚེའུ་དང་ཆུ་བོ་དང་དེ་བཞིན་འབྲེལ་ཡོད་ཆུ་མཛོད་ཀྱི་ཆུ་ངོས་ལ་བརྟག་དཔྱད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ནགས་ལས་སྡེ་ཚན་ཁག་དང་། མཐོ་སློབ་ཁག་ནས་ཡོང་བའི་མི་སྣ་དང་། བྱ་རིགས་པར་ལེན་དགའ་བ་སོགས་མི་84ཡོད་པ་དེ་དག་ཆུ་བྱར་དུས་མཉམ་བརྟག་དཔྱད་ཚོགས་ཆུང་32ལ་བགོས་ཡོད་པ་རེད། ཟླ་1ཚེས་9ཉིན་ཟིན་ཐོ་བཀོད་པའི་གྲངས་གཞི་ལས་མངོན་པར། ཁྱུ་ཚོགས་ཀྱི་གྲངས་འབོར་ཁྱད་པར་ཆེ་ཤོས་ནི་ངང་པ་མགོ་ལྗང་3400ཙམ་དང་། ངང་པ་ཆེན་པོ་1800ཙམ། ངང་སེར་1500ཙམ་བཅས་ཡིན་པ་དང་དེ་དག་ནི་མཚོ་སྔོན་ཞིང་ཆེན་དུ་དགུན་སྒྲོལ་དུ་ཡོང་མཁན་བྱ་རིགས་ནང་ནས་མང་ཤོས་ཀྱི་གྲས་ཡིན། ས་ཁོངས་ཁག་གཅིག་གི་ཆུ་བྱའི་གྲངས་འབོར་དང་ཁྱུ་ཚོགས་གཉིས་ཀ་མང་ཙམ་ཡོད་པ་དང་ཆིན་ལན་ཧྲན་རི་བོའི་བྱང་འདབས་ཀྱི་ནག་ཆུ་འདམ་ར་ནས་རིགས་20ཡི་དགུན་སྒྲོལ་ཆུ་བྱ་4800ཟིན་ཐོར་བཀོད་པ་དང་ལུང་ཡངས་གྲོག་རོང་ཆུ་མཛོད་ནས་རིགས་23གྱི་དགུན་སྒྲོལ་ཆུ་བྱ་3200ཐོར་བཀོད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སུ་དགུན་དུས་ཆུ་བྱར་དུས་མཉམ་དུ་བརྟག་དཔྱད་བྱེད་ཐེངས་དང་པོ་དེ་ཟླ་1ཚེས་8ཉིན་ནས་ཚེས་17ཉིན་བར་བྱས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། ཐད་སྐྱོང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁག་གི་ཆུ་བྱ་འཚོ་གནས་ཁུལ་གཙོ་བོ་1000ལྷག་ཙམ་ལ་དུས་མཉམ་དུ་བརྟག་དཔྱད་བྱས་པ་རེད། དུས་ཚོད་དེའི་ནང་ཚན་ཞིབ་ལས་དོན་མི་སྣ་2700ལྷག་ཙམ་གྱིས་གཅིག་གྱུར་གྱི་བརྟག་དཔྱད་བྱེད་ཐབས་དང་ལག་རྩལ་ཚད་གཞི་གཞིར་བཟུང་དུས་མཉམ་དུ་ལྟ་དཔྱད་ཚད་འཇལ་གྱི་ཟིན་ཐོ་བཀོད་ཅིང་། དེས་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། སྣོད་བཅུད་དམར་ཐིག་དབྱེ་འབྱེད། སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།