འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ལག་བསྟར་བྱས་པས་རྒྱལ་སྤྱིའི་
    སྤྱི་ཚོགས་ཀྱི་ཡོངས་ཁྱབ་ངང་དགའ་བསུ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ཚེས་16ཉིན་དངོས་སུ་ལག་ལེན་བསྟར་བ་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་གོང་ཚེས་ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ་དབྱི་རན་གྱིས་ཕྱོགས་ཡོངས་གྲོས་མཐུན་ལག་བསྟར་བྱེད་འགོ་ཚུགས་པའི་དགོས་ངེས་ཀྱི་གྲ་སྒྲིག་གོ་རིམ་བརྒྱུད་ཚར་བའི་ར་སྤྲོད་བྱས་པས་ཡོ་རོབ་མནའ་འབྲེལ་དང་ཨ་རིས་དེ་རྗེས་དབྱི་རན་ལ་དམིགས་པའི་དཔལ་འབྱོར་དང་དངུལ་རྩའི་བཀག་སྡོམ་གློད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཚེས་16ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲེ་ཐན་ཡེ་ཀྲེ་སྨི་ཡིས་ཝེ་ཡེ་ན་རུ་ས་ངོས་ཞིབ་བསྡུར་མི་སྣས་དཔྱད་ཞིབ་བྱས་པ་བརྒྱུད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་གོང་ཚེས་ཉིན་སྙན་ཞུ་ཡོངས་བསྒྲགས་བྱས་ཏེ་དབྱི་རན་གྱིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་གྲ་སྒྲིག་བྱས་ཟིན་པ་དང་འབྲེལ་ཡོད་སྙན་ཞུ་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཕུལ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མོའོ་ཀེ་ལི་ཉི་དང་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཕུའུ་ཡིས་དེ་རྗེས་ཝེ་ཡེ་ན་རུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་དབྱི་རན་གྱིས་ཕྱོགས་ཡོངས་གྲོས་མཐུན་ལག་ལེན་བསྟར་རྒྱུའི་ཁས་ལེན་བསྒྲུབས་པ་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གོང་ཚེས་ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བའི་ར་སྤྲོད་བྱས་པར་གཞིགས་ནས་ཕྱོགས་ཡོངས་གྲོས་མཐུན་གྱི་བླང་བྱ་ལྟར་དབྱི་རན་ལ་དམིགས་པའི་འབྲེལ་ཡོད་བཀག་སྡོམ་གློད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་སྒྲིག་གཞིས་དབྱི་རན་གྱིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཁས་ལེན་བསྒྲུབས་པའི་གཏན་འཁེལ་བྱས་རྗེས་ཨ་རིའི་ཙུང་ཐུང་ཨའོ་པ་མས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་དེ་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་གནས་ཚུལ་ལ་རྩ་བའི་འགྱུར་ལྡོག་བྱུང་བར་གཞིགས་ནས་ཁོང་གིས་དབྱི་རན་ལ་དམིགས་པའི་བཀག་སྡོམ་བཀའ་རྒྱ“ཕྱིར་འཐེན་ནམ་བཟོ་བཅོས”བརྒྱབ་སྟེ་ཨ་རི་ཕྱོགས་ཀྱིས་ཕྱོགས་ཡོངས་གྲོས་མཐུན་ནང་བཞག་པའི་ཁས་ལེན་ལག་ལེན་བསྟར་རྒྱུའི་ཐག་བཅད་གནང་བ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་བའི་ནང་། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་དངོས་སུ་ལག་ལེན་བསྟར་བ་དེ་ནི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་དེ་ལས་ཕྱོགས་ཁག་གིས་ཁས་ལེན་ལག་ལེན་བསྟར་རྒྱུར་འབད་བརྩོན་ཧུར་ཐག་བྱས་པ་མཚོན་གྱི་ཡོད། དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ལག་བསྟར་བྱས་པ་ལས་སྐད་ཆ་ཤོད་རེས་དང་ཕྱི་འབྲེལ་ཐད་ནས་ངང་རྒྱུད་རིང་པོས་འབད་བརྩོན་བྱེད་པ་དེ་ནི་ཉིང་རྡུལ་མཚོན་ཆ་མི་མཆེད་པ་བྱེད་པའི་ཐབས་ཤེས་ཡག་ཤོས་དེ་ཡིན་པ་གསལ་བཤད་ཐུབ་ཡོད་ཅེས་གསུངས་པ་རེད།
         ཡིན་ནའང་དབྱི་སི་རལ་དང་སོ་ཏི་ཨ་རབ་སོགས་ཚུད་པའི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་གཅིག་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་དངོས་སུ་ལག་ལེན་བསྟར་བར་མི་འདོད་པའི་རྣམ་འགྱུར་འཛིན་གྱི་ཡོད་པ་རེད།
         དུས་ཚོད་རིང་པོ་དང་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་པ་བརྒྱུད། དབྱི་རན་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་(ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ། ཀྲུང་གོ འཇར་མན་)གིས་2015ལོའི་ཟླ་7ཚེས་14ཉིན་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་བཞག་པ་དང་གྲོས་མཐུན་ལྟར་ན། དབྱི་རན་གྱིས་ཉིང་རྡུལ་འཆར་གཞིར་ཚོད་འཛིན་བྱ་རྒྱུ་དང་དེའི་ཚབ་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རན་ལ་དམིགས་པའི་བཀག་སྡོམ་གློད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།