འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཨ་ཧྥེ་རི་ཁར་ཐན་པ་བསྟུད་མར་བསྟན་པ་ལས་འབྲུ་རིགས་ཁ་ཐང་བའི་ཉམས་ཉེན་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་དར་འཕེལ་རྒྱས་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་ཨ་ཧྥེ་རི་ཁ་ལྷོ་མའི་འབྲུ་མཛོད་དང་ཤིང་འབྲས་ར་བ་ཞེས་བརྗོད་སྲོལ་ཡོད་རུང་། ཟླ་བ་འགའ་ཞིག་བསྟུད་མར་ཐན་པ་བསྟན་པའི་དབང་གིས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་དེར་འབྲུ་རིགས་ཁ་ཐང་བའི་ཉམས་ཉེན་ཐོན་ནས་འབྲུ་རིགས་འབོར་ཆེན་ནང་འདྲེན་མ་བྱེད་ཀ་མེད་བྱུང་ཡོད་པ་རེད།
         ཚེས་16ཉིན་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་དང་། ནགས་ལས། ཉ་ལས་བཅས་པུའི་པུའུ་ཀྲང་སེན་ཙེ་ཉི·ཙོ་ཁོ་ན་ཡིས་ཐན་པ་བསྟན་པའི་དབང་གིས་ལྷོ་ཨ་ཧྥེ་རི་ཁས་མ་རྨོས་ལོ་ཏོག་དཀར་པོ་དང་མ་རྨོས་ལོ་ཏོག་སེར་པོ་ཏུན་ཁྲི་500ནས་ཏུན་ཁྲི་600བར་ཛ་དྲག་ངང་འདྲེན་བྱེད་དགོས་པས་ཁྱོན་ལན་ཐེ་དུང་ཕྱུར་200(ཧ་ལམ་ཨ་སྒོར་དུང་ཕྱུར་12དང་མཚུངས་)གཏོང་དགོས་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཁོང་གིས་ཐན་པ་བསྟུན་མར་བསྟན་པ་ལས་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཀྱི་ཐོན་འབབ་མྱུར་དུ་ཆག་པ་དང་། ཕྱུགས་རིགས་མང་པོ་སྐོམ་ཤི་ཐེབས་པ། ས་ཞིང་ལ་གས་སྲུབས་ཐོན་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ་སྲིད་གཞུང་གིས་ལན་ཐེ་དུང་ཕྱུར་3.53(ཧ་ལམ་ཨ་སྒོར་ཁྲི་1850དང་མཚུངས་)དང་ལན་ཐེ་ཁྲི་6640(ཧ་ལམ་ཨ་སྒོར་ཁྲི་400དང་མཚུངས་)སྔ་རྗེས་སུ་བཏང་བ་དག་གེགས་འགོག་ཐད་སྤྱད་ཡོད་ཅེས་བཤད་པ་རེད།
         ཉིན་དེའི་དུས་ཚོད་སྔ་ཙམ་དུ་ཙོ་ཁོ་ན་ཡིས་ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་རྩ་འཛུགས་དང་། ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་ཞིང་རའི་བདག་པོའི་མཐུན་ཚོགས། ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཞིང་ལས་བྲིན་ཚོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འཐུས་མིས་ཕི་རི་ཐོ་རི་ཡར་ཚོགས་འདུ་འཚོགས་ནས་ཐན་པར་ཁ་གཏད་གཅོག་ཐབས་སྐོར་ཛ་དྲག་ངང་གྲོས་བསྡུར་བྱས་པ་རེད།
         ཙོ་ཁོ་ན་ཡིས་ཚོགས་འདུ་གྲོལ་རྗེས་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཐན་པ་བསྟན་པའི་རྐྱེན་གྱིས་ཨ་ཧྥེ་རི་ཁ་ལྷོ་མ་ཡོངས་ཀྱི་འབྲུ་རིགས་གནས་ཚུལ་ཡག་པོ་མེད་པ་དང་། ཙམ་པབ་ཝེ་དང་། ལེ་སོ་ཐོ་ན། སྨི་པི་ཡ། པོ་ཚི་ཝ་ན། སུའེ་ཙི་ལན་སོགས་རྒྱལ་ཁབ་སུའང་འབྲུ་རིགས་ནང་འདྲེན་གྱི་དགོས་མཁོ་འཕྲལ་མར་ཆེ་རུ་སོང་བ་དང་མཁོ་འབོར་ཏུན་ཁྲི་1090ཟིན་པའི་ནང་མ་རྨོས་ལོ་ཏོག་དཀར་པོ་དང་། མ་རྨོས་ལོ་ཏོག་སེར་པོ། སྲན་ཆེན། གྲོ་བཅས་ཚུད་ཡོད་ཅེས་བཤད་པ་རེད།
         ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཚོང་ཚོགས་ཀྱིས་ཕྱིར་བསྒྲགས་བྱས་པར་གཞིགས་ན། 2015ལོར་ལྷོ་ཨ་ཧྥེ་རི་ཁའི་མ་རྨོས་ལོ་ཏོག་ཐོན་ཚད་གཞེས་ནིང་ལོའི་ཏུན་ཁྲི་1425ནས་ཏུན་ཁྲི་984བར་ཆག་ཡོད་པ་རེད། ལྷོ་ཨ་ཧྥེ་རི་ཁའིབསྡོམས་རྩིས་ཅུས་ཀྱིས་མཁོ་འདོན་བྱས་པའི་གཞི་གྲངས་ཐོག་ནས་མངོན་པར། ལྷོ་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་སྐྱེད་2015ལོའི་དུས་མཚུངས་ལས་16.2%ཆག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།