འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུག་རེན་གྱི་དོས་སྒམ་ཟོག་འདྲེན་མེ་འཁོར་ཀྲུང་གོར་ཐེངས་དང་པོར་བཏང་ནས་འཁོར་སྐྱོད་
    ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།  དོས་སྒམ་20བླུགས་པའི་ཟོག་འདྲེན་མེ་འཁོར་ཞིག་ཚེས་15ཉིན་ཡུག་རེན་ལྷོ་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་དབྱི་ལི་དབྱི་ཆའོ་ཧྥུའུ་སི་ཁེ་ནས་ཆས་ཏེ་ལམ་བར་དུ་མཚོ་ནག་དང་། འཇོར་ཇི་ཡ། ཨ་ཟེར་བྷེ་ཇན། ཧ་སག་སི་ཐན་སོགས་བརྒྱུད་མཐར་ཧ་སག་སི་ཐན་དང་ཀྲུང་གོ་དབར་གྱི་ལྕགས་ལམ་འགག་སྒོ་ཏེ་ལུའོ་རི་པཱར་འབྱོར་གྱི་ཡོད་པ་རེད།
         ཉིན་དེར་ཡུག་རེན་གྱི་ཙུང་ལི་གཞོན་པ་ཙུའུ་པུའུ་ཁེ་དབྱི་ལི་དབྱི་ཆའོ་ཧྥུའུ་སི་ཁེ་གྲུ་ཁར་མེ་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོར་ཞུགས་ཤིང་། ཁོང་གིས་སྨྱན་སྦྱོར་ལ“དེ་རིང་གི་མེ་འཁོར་གཏོང་འགོ་འཛུགས་པའི་མཛད་སྒོ་འདི་ནི་ཡུག་རེན་གྱིས་ལོ་ཤས་ནང་འབྲེལ་ཡོད་རོགས་ཟླའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན” “‘དར་གོས་ལམ་བུ་གསར་པ’འདི་བརྒྱུད་ཡུག་རེན་གྱིས་དངོས་ཟོག་སྔར་བས་མང་པོ་ཞིག་ཀྲུང་གོར་དབོར་ནས་ཀྲུང་གོ་དང་དེ་བཞིན་ཟོག་འདྲེན་ལྕགས་ལམ་འདིའི་རྒྱུད་ཀྱི་རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་ཉོ་འཚོང་འབྲེལ་བ་དམ་ཟབ་ཏུ་གཏོང་ཐུབ”ཅེས་བཤད་པ་རེད།
         གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་རྨང་གཞིའི་སྒྲིག་བཀོད་པུའི་པུའུ་ཀྲང་ཕི་ཝོ་ཝར་སི་ཅིས་ཚེས་15ཉིན“ཡུག་རེན་ལ་མཚོན་ན། ལྕགས་ལམ་འདི་ཤར་གཏོང་ཐུབ་པས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་དང་། ཡུག་རེན་འདི་ཉིད‘དར་གོས་ལམ་བུ་གསར་པའི’འཛུགས་སྐྲུན་ནང་དངོས་སུ་ཞུགས་མཁན་ཞིག་ཏུ་འགྱུར་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།