འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིས་ནོར་ཁྲལ་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་
    རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། དབྱིན་ཇིའི་དཔལ་འབྱོར་སླར་གསོའི་དུས་མཚམས་སུ་སླེབས་ཤིང་། དཔལ་འབྱོར་འཕར་བའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱ་ཆེད། ཁཱ་མའེ་ལུན་སྲིད་གཞུང་གིས་ནོར་ཁྲལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ནོར་སྲིད་ཀྱི་མཚལ་ཡིག་ཉུང་དུ་གཏོང་བའི་ལམ་བུའི་ཐོག་མདུན་དུ་སྐྱོད་བཞིན་ཡོད་པ་རེད།
         ཀྲུང་དབྱང་ཐོག་ཚད་མཐོའི་གཅིག་སྡུད་བྱས་པའི་ཁྲལ་བསྡུའི་སྒྲིག་སྲོལ།
         ཁྲལ་བསྡུའི་ཡོང་འབབ་ཀྲུང་དབྱང་སྲིད་གཞུང་ཐོག་ཚད་མཐོའི་གཅིག་སྡུད་ཀྱི་རྒྱལ་ཁབ་ཡིན་པའི་དབྱིན་ཇིའི་ཁྲལ་བསྡུ་དེ་རྒྱལ་ཁྲལ་དང་ས་གནས་ཁྲལ་དུ་ཕྱེ་ཡོད། རྒྱལ་ཁྲལ་དེ་ཀྲུང་དབྱང་སྲིད་གཞུང་གིས་སྟངས་འཛིན་བྱེད་པ་དེའི་ནང་སྒེར་གྱི་ཐོབ་ཁྲལ་དང་། ཀུང་སིའི་དཔྱ་ཁྲལ། འཛིན་ཁྲལ། ཤུལ་བཞག་དཔྱ་ཁྲལ། གནས་ཐང་འཕར་མའི་དཔྱ་ཁྲལ། འཛད་སྤྱོད་དཔྱ་ཁྲལ་སོགས་ཚུད་ཡོད་པ་དེས་རྒྱལ་ཡོངས་ཁྲལ་བསྡུའི་ཡོང་འབབ་ཀྱི་90%ཙམ་བཟུང་བ་དེ་ནི་ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་ཁུངས་གཙོ་བོ་ཡིན། ས་གནས་ཀྱི་དཔྱ་ཁྲལ་དེ་ས་གནས་སྲིད་གཞུང་གིས་འགན་འཁུར་གྱི་ཡོད་པ་དང་གཙོ་བོ་གྲོང་ཁྱེར་དོ་དམ་ལས་དོན་གྱི་དཔྱ་ཁྲལ་དང་ལས་གཉེར་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་གཉིས་སུ་ཕྱེ་བ་དེ་ནི་ས་གནས་ནོར་སྲིད་ཀྱི་ཡོང་ཁུངས་ཀྱི་གྲས་ཤིག་ཡིན་པ་དང་། ས་གནས་ནོར་སྲིད་ཀྱི་ཡོང་ཁུངས་གཙོ་བོ་དེ་ནི་ཀྲུང་དབྱང་གིས་ས་གནས་ལ་ནོར་སྲིད་ལ་ཁ་གསབ་བྱེད་པ་དེ་རེད།
         དབྱིན་ཇིའི་ཁྲལ་བསྡུའི་དབང་ཆ་དེ་ཀྲུང་དབྱང་ཐོག་ཚད་མཐོའི་གཅིག་སྡུད་བྱས་ཡོད་པ་དང་། ས་གནས་དེ་རང་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་ས་གནས་ཀྱི་ཁྲལ་བསྡུ་དབང་དང་དེ་བཞིན་ཁྲལ་ཚད་འོས་འཚམ་ལེགས་སྒྲིག་བྱེད་དབང་དང་དཔྱ་ཁྲལ་རྩ་ཆག་གཏོང་དབང་སོགས་ཡོད་པ་རེད།
         ཀྲུང་དབྱང་སྲིད་གཞུང་གིས“ཁྲལ་དབང”གཤམ་སྤྲོད་བྱ་རྒྱུ་ཡིན་པ།
         དབྱིན་ཇིའི་ནོར་སྲིད་བློན་ཆེན་ཨའོ་སི་པེན་གྱིས་ད་ལོའི་ཟླ་བཅུ་པར་ས་གནས་ལ་ཁྲལ་བསྡུའི་དབང་ཆ་ཁག་གཅིག་གཤམ་སྤྲོད་བྱ་རྒྱུ་དང་སྐབས་འདིའི་གྲོས་ཚོགས་ཀྱི་འགན་འཁུར་ཡུན་ཚད་རྫོགས་སྐབས། ས་གནས་སྲིད་གཞུང་གིས་ས་གནས་ཀྱི་ཁྲལ་བསྡུ་100%རང་གསོར་འཇོག་རྒྱུའི་ནང་བསྡོམས་དབྱིན་སྒོར་དུང་ཕྱུར་260ཚུད་པའི་ལས་གཉེར་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་ཚུད་པ་དེ་ས་གནས་དེ་གའི་སྲིད་གཞུང་གིས་ས་གནས་དེ་གའི་ཞབས་ཞུའི་ཐད་སྤྱོད་རྒྱུ་ཡིན་ཞེས་བཤད།
         དབྱིན་ཇི་སྲིད་གཞུང་གིས་ད་དུང་རྒྱལ་ཡོངས་གཅིག་གྱུར་གྱི་ལས་གཉེར་ས་ཁང་བདག་ཁོངས་དཔྱ་ཁྲལ་གྱི་ཁྲལ་ཚད་མེད་པ་བཟོ་རྒྱུ་དང་འབྲེལ་ས་གནས་ལས་གཉེར་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུའི་དབང་ཆ་སྤྲོད་རྒྱུ་ཡིན་པ་རེད།
         དབང་ཆ་དང་འགན་འཁྲི་གཅིག་ལ་གཅིག་འབྲེལ་ཡིན་པ་དང་ཀྲུང་དབྱང་སྲིད་གཞུང་གིས་འོས་འཚམ་གྱི་གྲོན་དངུལ་གཏོང་སྤྲོད་རིམ་བཞིན་མེད་པ་བཟོས་ནས་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་ཁྲོད་ཀྱི་ནོར་སྲིད་ཀྱི་བར་གནས་འགན་ལེན་བྱེད་པ་དང་ས་གནས་སྲིད་གཞུང་གིས་ཀྱང་སྐབས་འདིའི་སྲིད་གཞུང་གིས་ལག་བསྟར་བྱེད་པའི་ནོར་སྲིད་སྲིད་ཇུས་སྒྱུར་བཅོས་དང་བརྟན་གཏོང་བྱེད་པའི་ཐད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
         ནོར་སྲིད་ཀྱི་མཚལ་ཡིག་ཉུང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།
         ཉེ་བའི་ལོ་ཤས་རིང་། དབྱིན་ཇི་སྲིད་གཞུང་གིས་ནོར་སྲིད་ཀྱི་མཚལ་ཡིག་ཉུང་དུ་གཏོང་རྒྱུར་སྣང་ཆེན་བྱས་ནས་སྔོན་རྩིས་དོ་སྙོམས་ལ་སྐུལ་འདེད་བཏང་ཞིང་། 2010ལོ་ནས་བཟུང་དབུ་བཞུགས་བློན་ཆེན་ཁཱ་མའེ་ལུན་གྱིས་གཙོས་པའི་རྙེན་ཞེན་ཏང་གིས་མཚལ་ཡིག་ཁུ་བསྡུ་དང་ཉུང་དུ་གཏོང་རྒྱུ་ནི་དབྱིན་ཇིའི་དཔལ་འབྱོར་སླར་གསོའི་འགག་རྩ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         དབྱེ་ཞིབ་མི་སྣས་ངོས་འཛིན་བྱས་པར་གཞིགས་ན། དབྱིན་ཇི་སྲིད་གཞུང་གིས་གནས་སྐབས་རིང་དཔྱ་ཁྲལ་འཕྲི་གཅོག་དང་ཉུང་གཏོང་རྩ་ཆག་གཏོང་རྒྱུ་ལག་བསྟར་བྱས་མེད་མོད། འོན་ཀྱང་ཁྱོན་ཡོངས་ནས་བལྟས་ཚེ“གཅིག་གྱུར་གྱི་ཕན་བདེའི་རོགས་སྐྱོབ་མ་དངུལ”གྱི་སྲིད་ཇུས་གསར་པས་ཁྲལ་བསྡུ་འཕྲི་གཅོག་གི་ཚབ་བྱས་ཀྱང་། ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་སྔར་བཞིན་ཤུགས་རྐྱེན་ཐེབས་པར་བརྟེན། དབྱིན་ཇི་སྲིད་གཞུང་གིས་ནོར་སྲིད་ཁུ་བསྡུ་དང་མཚལ་ཡིག་ཉུང་གཏོང་གི་སྲིད་ཇུས་བསམ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།