འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས་གསོ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ནས་གྲོང་གསེབ་དགེ་རྒན་གྱི་བྱང་
    ཚད་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་ཆེད་ཉེ་བའི་ལོ་ཤས་རིང་ཀུའེ་ཀྲོའུ་ཡིས་གྲོང་གསེབ་ཀྱི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་དང་གྲོང་གསེབ་ཀྱི་དགེ་རྒན་གསོ་སྦྱོང་བྱེད་ཐབས་གསར་གཏོད་སོགས་ཀྱི་བྱ་ཐབས་སྤྱད་དེ་ཤང་དང་གྲོང་ཚོའི་དགེ་རྒན་གྱི་བྱང་ཚད་ནུས་ལྡན་ངང་ལེགས་སུ་བཏང་བ་རེད།
         གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོར“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”ལག་བསྟར་བྱས་ཚུན། ཀུའེ་ཀྲོའུ་ཞིང་ཆེན་ལ་ཀྲུང་དབྱང་གི་ཆེད་དམིགས་གྲོན་དངུལ་གྱི་རྒྱབ་སྐྱོར་སྒོར་དུང་ཕྱུར་3.38བྱུང་བ་དེས་གྲོང་གསེབ་ཀྱི་དགེ་རྒན་ཁྲི་35ཙམ་གསོ་སྦྱོང་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱལ་ཁབ་རིམ་པའི་གསོ་སྦྱོང་ཁྱོན་ཡོངས་ནས་བྱེད་ཐུབ་པ་བྱུང་ཡོད། གསོ་སྦྱོང་དང་ལེན་བྱས་པའི་དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་སློབ་ཁང་ནང་གི་སློབ་གསོ་སློབ་ཁྲིད་ནུས་པ་ཡོངས་ཁྱབ་ངང་ཆེ་རུ་ཕྱིན་ཡོད་པ་རེད།
         གསོ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། སློབ་གྲྭ་བཅས“ཕྱོགས་བཞི་གཞི་གཅིག”གི་གྲོང་གསེབ་ཀྱི་དགེ་རྒན་གསོ་སྦྱོང་མ་ལག་གྲུབ་པ་དང་། “རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིས”གཞི་ཁྱོན་དམ་འཛིན་དང་དཔེ་སྟོན་བཏོད་པ། ཞིང་ཆེན་རིམ་པའི་གསོ་སྦྱོང་གིས་རྟེན་གཞི་བསྐྲུན་པ་དང་སྤུས་རྟགས་བཏོད་པ། གྲོང་ཁྱེར་དང་ཀྲོའུ་དང་རྫོང་རིམ་པའི་གསོ་སྦྱོང་ལ་བརྟེན་ནས་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་དགེ་རྒན་ལ་དམ་འཛིན་དང་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད། དུས་ཐུང་གི་གཅིག་སྡུད་གསོ་སྦྱོང་དང“གཞི་རིམ་དུ་སློབ་གསོ་ཁྱབ་པ་བྱེད་པ”དང་ཕན་ཚུན་ཟུང་འབྲེལ་དང་། རྒྱང་རིང་གི་དྲ་རྒྱའི་གསོ་སྦྱོང་དང་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་དགེ་རྒན་ཞིབ་འཇུག་ཟབ་སྦྱོང་ཕན་ཚུན་ཟུང་འབྲེལ། སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་ཞིབ་འཇུག་ཟབ་སྦྱོང་གི་དཔེ་སྟོན་སློབ་གྲྭ་འཛུགས་སྐྱོང་། དགེ་རྒན་གྱི་དྲ་རྒྱའི་ཞིབ་འཇུག་ཟབ་སྦྱོང་སྡེ་ཁུལ་འཛུགས་སྐྱོང་སོགས་གསོ་སྦྱོང་བྱེད་ཐབས་མང་པོ་འཚོལ་ཞིབ་བྱས་པ་རེད།
         གཞན་ཡང་། ཀུའེ་ཀྲོའུ་ཡིས་མི་རིགས་ས་ཁུལ་དང་ས་ཁུལ་དབུལ་པོར་ཆེད་དམིགས་གསོ་སྦྱོང་རྣམ་གྲངས་སོགས་གསོ་སྦྱོང་བྱེད་ཐབས་འཚོལ་ཞིབ་ཀྱིས་གྲོང་གསེབ་ཀྱི་འཐབ་ས་མདུན་མར་ལས་ཀ་བྱེད་པའི་དགེ་རྒན་གྱི་གསོ་སྦྱོང་དགོས་འདུན་དང་འཚམ་པར་བྱེད་ཀྱི་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀུའེ་ཀྲོའུ་ཞིང་ཆེན་གྱིས་སྤུས་དག་གི་གསོ་སྦྱོང་ཐོན་ཁུངས་རིམ་གྱིས་ནང་འདྲེན་བྱས་ཁར་གསོ་སྦྱོང་ཆེད་ལས་ཅན་དང་ཞིབ་ཕྲ་ཅན་རིམ་གྱིས་ཡོང་བར་བྱས་ཡོད། རྒྱ་ཆེའི་གྲོང་གསེབ་ཀྱི་དགེ་རྒན་གྱིས་གསོ་སྦྱོང་ནང་སྦྱངས་པའི་སྔོན་ཐོན་གྱི་ལས་ཀ་བྱེད་སྟངས་དག་འཕྲལ་མར་སློབ་ཁྲིད་ལག་ལེན་ནང་སྤྱད་དེ་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི་ཕྲུ་གུ་རྣམས་ལ་སློབ་གསོ་སྤུས་དག་སྔར་ལས་མང་བ་ཐོབ་པར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།