འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2000ལས་ཐེངས་དང་པོ་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དངམས་དྲ་བའི་འཕྲིན། འདི་ལོ་ཚུན། བོད་ལྗོངས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་བཤངས་ནས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་ཆབས་ཅིག ནུས་ལྡན་གྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བས་བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་(མི་དམངས་ཤོག་སྒོར་དང་ཕྱི་དངུལ)དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་2000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་ཚུལ་མིན་དངུལ་བུན་གཏོང་ཚད་0.37%ཙམ་ལས་ཟིན་གྱི་མེད་པ་རེད།
          གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། ཟླ་11པའི་ཟླ་མཇུག་བར། བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་(མི་དམངས་ཤོག་སྒོར་དང་ཕྱི་དངུལ)དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་2057.98ཟིན་པ་དེ་དུས་མཚུངས་ལས་31.26%འཕར་བ་དང“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ་6ལྷག་ཙམ་འཕར་བ་དེའི་ནང་ཞིང་འབྲེལ་དངུལ་བུན་དང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ་7.46དང་ལྡབ་15.11སོ་སོར་འཕར་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཚུལ་མིན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་7ཟིན་པ་དང་། ཚུལ་མིན་དངུལ་བུན་གཏོང་ཚད་དེ་ན་ནིང་དུས་མཇུག་གི་0.40%ནས་ད་ཆའི་0.37%བར་ཆག་ནས་རྒྱལ་ཡོངས་ཀྱི་དམའ་ཤོས་ཡིན་པ་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་ཕུད། བོད་དུ་ཡོད་པའི་ཚོང་ལས་དངུལ་ཁང་གི་ཚུལ་མིན་དངུལ་བུན་གཏོང་ཚད་0.23%ཡིན་པ་རེད།
          བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་མིང་ཤའོ་ཡིས་བོད་ཀྱི་ཉེ་བའི་ལོ་གཉིས་ཀྱི་དངུལ་བུན་ལྷག་གྲངས་འཕར་མགྱོགས་པ་དང་ཚུལ་མིན་དངུལ་བུན་གཏོང་ཚད་མུ་མཐུད་ཆག་ནས་རྒྱུ་ནོར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་ཅེས་བཤད།
         ཚེས་23ཉིན་པེ་ཅིང་དུ་འཚོགས་པའི“དངུལ་རྩའི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུའི”ཐོག་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཕན་ཀུང་ཧྲེང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། དངུལ་རྩའི་ཁོངས་གཏོགས་ཀྱིས་བོད་ལ་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།