འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཧོ་ལན་ལ་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ཀྱི་སྐུ་ཚབ་ཚོགས་པས་ཧོ་ལན་ཕྱི་འབྲེལ་པུའི་ཆབ་སྲིད་སྤྱི་ཁྱབ་སི་ཀྲང་གཞོན་པ་ཧ་སི་ཕེའར་སི་དང་མཇལ་འཛོམས་གནང་བ་དང་འབྲེལ་ཧོ་ལན་ཕྱི་འབྲེལ་པུའི་ཡ་གླིང་དང་རྒྱ་མཚོ་ཆེན་པོ་སི་དང་། ཕྱོགས་མང་ལས་དོན་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སི་བཅས་ཀྱི་འགན་ཁུར་བ་དང་གྲོས་མོལ་གནང་བ་མ་ཟད། ད་དུང་བོད་དུ་གྲུབ་འབྲས་ཐོབ་པའི་ངང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ཚུལ་དང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་ངོ་སྤྲོད་ཀྱང་གནང་བ་རེད།
         ཧ་སི་ཕེའར་སི་ཡིས་ཧོ་ལན་ཕྱོགས་ཀྱིས་སྔར་ནས་ད་བར་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་མྱོང་མེད། ཧོ་ཀྲུང་དབར་གྱི་འབྲེལ་བ་ཡག་པོ་ཡོད། རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་ཡང་ཁྱབ་ཁོངས་མང་པོ་ཞིག་ཏུ་མཉམ་ལས་རྒྱ་ཁྱབ་ཏུ་བྱེད་ཀྱི་ཡོད། ཧོ་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་དབར་གྱི་སྒོ་དབྱེ་དང་། དངོས་སྒྲུབ། མཉམ་ལས་བཅས་ཐད་མུ་མཐུད་འཕེལ་རྒྱས་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         པད་མ་འཕྲིན་ལས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་ལྷག་པར་དུ་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཧོ་ལན་གྱིས་བཟུང་བའི་ལངས་ཕྱོགས་ལ་བསྔགས་བརྗོད་གནང་ཞིང་། པད་མ་འཕྲིན་ལས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། དེ་བཞིན“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། གནད་སྨིན་དབུལ་སྐྱོར་སོགས་བྱ་རྒྱུའི་ཐད་ཀྱི་འཆར་འགོད་དང་བྱེད་ཐབས་ངོ་སྤྲོད་སྟབས་བདེ་གནང་བ་མ་ཟད། ད་དུང་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཧོ་ལན་ཕྱོགས་ཀྱིས་བཏོན་པའི་དྲི་བར་ལན་ཡང་བཏབ་པ་རེད།
         ཚེས་6ཉིན་པད་མ་འཕྲིན་ལས་ཀྱིས་ཧོ་ལན་གྱི་《ལུའུ་ཐེ་ཏན་གསར་པའི་ཚོང་འཕྲིན་》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་གྱི་ད་ལྟའི་གནས་ཚུལ་དང་མདུན་ལྗོངས་དང་། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དང་དེའི་གྲུབ་འབྲས། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། པད་མ་འཕྲིན་ལས་ཀྱིས་ཧོ་ལན་སྨྱན་སྦྱོར་གྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལྷག་བསམ་ཟོལ་མེད་ངང་ལན་བསྐྱོན་ཞིང་། ཁོང་གིས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་སྒེར་ལ་འཛིན་པའི་སྲིད་ཇུས་ནི་འགྱུར་བ་མེད་ལ་གསལ་པོ་ཡིན། ཀྲུང་དབྱང་སྲིད་གཞུང་དང་ཏཱ་ལའི་དབར་ཐུག་འཕྲད་གླེང་མོལ་བྱེད་རྒྱུའི་སྒོ་མོ་ཕྱེ་ནས་ཡོད་ཅེས་གསུངས་པ་རེད། ཧོ་ལན་དུ་འཚམས་འདྲི་གནང་རིང་སྐུ་ཚབ་ཚོགས་པས་ཧོ་ལན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་བཞུགས་མོལ་གནང་བ་དང་འབྲེལ་ཧོ་ལན་བྱང་ཤར་ས་ཁུལ་དུ་ཡོད་པའི་ཡུས་ཐེན་རླུང་གློག་ར་བར་ལྟ་སྐོར་ཡང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།