འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གཞོན་དར་ཡི་གེར་རྨོངས་ཚད་0.52%བར་ཆག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དངམས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔའི་བར་བོད་དུ་གཞོན་ནུ་དང་དར་མ་ཡི་གེར་རྨོངས་ཚད་0.52%བར་ཆག་པ་དང“ལོ་ལྔ་ཚན་བཅུ་གཉིས་པའི”དུས་འགོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.5ཙམ་ཆག་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་སློབ་ལོ་རན་པའི་དུས་མཚམས་ཁག་གི་ཕྲུ་གུ་སློབ་གྲྭར་སྐྱོད་ཐུབ་ཆེད“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་དུ་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་མཚམས་བར་གྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་ལག་བཙུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་གཞུང་བཙུགས་སློབ་གྲྭར་སྐྱོད་པའི་སློབ་མ་ཡིན་ཕྱིན་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལོངས་སྤྱོད་བྱ་ཆོག་པ་དང་། དམངས་བཙུགས་སམ་ཡང་ན་སྡེ་ཚན་གཞན་དག་གིས་གཉེར་བའི་སློབ་གྲྭར་བསྐྱོད་པའི་སློབ་མས་ཀྱང་གྲངས་འབོར་གཅིག་མཚུངས་ཀྱི་ནོར་སྲིད་ཁ་གསབ་ལོངས་སྤྱོད་བྱ་ཆོག་གི་ཡོད།
         གཞན་ཡང་1985ལོར་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ“འགན་ལེན་གསུམ”(ཟས་སྡོད་དང་སློབ་ཡོན་འགན་ལེན་བྱེད་པ)གྱི་སྲིད་ཇུས་ལག་ལེན་བསྟར་ཚུན། བོད་དུ“འགན་ལེན་གསུམ”གྱི་ཚད་གཞི་ཐེངས་14བསྟུད་མར་མཐོ་རུ་བཏང་བ་དང་། ད་ཆ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3000ཟིན་གྱི་ཡོད།
         བོད་ལྗོངས་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་སློབ་སྤྱི་ནོར་བུ་ཚེ་རིང་གིས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་པ་ལས་ཚང་མ་སློབ་གྲྭར་སྐྱོད་ཐུབ་པ་དང་ཁྱིམ་བདག་གིས་ཀྱང་ཕྲུ་གུ་སློབ་གྲྭར་གཏོང་འདོད་བྱེད་ཀྱི་ཡོད། “ང་ཚོའི་སློབ་གྲྭར་ལོ་འདི་དག་རིང་སློབ་མཚམས་ཆད་པའི་ཕྲུ་གུ་ཧ་ཅང་ཉུང་བ་དང་གཞོན་ནུ་དང་དར་མ་ཡི་གེར་རྨོངས་ཚད་ཇེ་ཉུང་དུ་ཕྱིན་ཡོད”ཅེས་བཤད།
         བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་སུ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་1855ཟིན་པ་དང་སློབ་ཁྲིད་ས་ཚིགས་322ཡོད་པའི་ནང་། སྤྱིར་བཏང་མཐོ་རིམ་སློབ་གྲྭ་6དང་འབྲིང་རིམ་ལས་རིགས་སློབ་གྲྭ་9ཡོད་ཅིང་། རིམ་ཁག་དང་རིགས་ཁག་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་60ལྷག་ཙམ་ཡོད། མིག་སྔའི་བར་སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་98.94%ཟིན་པ་དང་། དམའ་རིམ་སློབ་འབྲིང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་96.24%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་74.47%ཟིན་པ། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་29.45%ཟིན་པ། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་61.49%ཟིན་ཡོད་ཅིང་། བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ལ་ཁྱབ་པའི་ཆ་ཚང་བའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཅིག་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།