འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རིག་གནས་འཛད་སྤྱོད་མགྱོགས་མྱུར་འཕར་བའི་འཕེལ་ཕྱོགས་མངོན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རིག་གནས་པུའི་2015ལོའི་དུས་ཚིགས་བཞི་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན། རང་རྒྱལ་གྱི་རིག་གནས་འཛད་སྤྱོད་མགྱོགས་མྱུར་འཕར་བའི་འཕེལ་ཕྱོགས་མངོན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་)31གི་ཡུལ་མིའི་དུད་ཚང་ཁྲི་16ལ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཁྱིམ་དུད་ཟུར་འཐེན་གྱི་བརྟག་དཔྱད་བྱས་པར་གཞིགས་ན། 2014ལོའི་རྒྱལ་ཡོངས་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་གཏོང་སྒོ་དེ་དུས་མཚུངས་ལས་9.6%འཕར་བ་དང་དེའི་ནང་མི་རེའི་ཆ་སྙོམས་ཀྱི་རིག་གནས་དང་རོལ་རྩེད་ཀྱི་འཛད་སྤྱོད་གཏོང་སྒོ་16.4%འཕར་བ་དེ་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་གཏོང་སྒོ་འཕར་ཚད་ལས་ཆེས་ཆེར་མང་དུ་སོང་ཡོད་པ་རེད། འབྲེལ་ཡོད་གྲངས་གཞི་ལས་མངོན་པ་ལྟར་ན། 2011ལོ་ནས་2014ལོའི་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་རིག་གནས་རོལ་རྩེད་ཀྱི་འཛད་སྤྱོད་གཏོང་སྒོ་ཆ་སྙོམས་འཕར་ཚད་12%ཡན་ཟིན་ཡོད་པ་རེད། རིག་གནས་པུའི་ཐོན་ལས་སིའི་སི་ཀྲང་ཝུའུ་ཅང་པོ་ཡིས་མིག་སྔར་རང་རྒྱལ་གྱི་རིག་གནས་འཛད་སྤྱོད་འཕར་ཚད་མངོན་གསལ་དོད་པོ་ཡོད་རུང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་ནུས་ལྡན་མ་ཐུབ་པར་རིག་གནས་འཛད་སྤྱོད་ལ་ཁྲོམ་རའི་འཁོར་རྒྱ་ཆེན་པོ་ལྡན་ཡོད། འབྲེལ་ཡོད་ཆེད་ལས་སྒྲིག་གཞིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། 2013ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་རིག་གནས་འཛད་སྤྱོད་ཀྱི་མི་མངོན་པའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་4.7ཟིན་ཡང་། དོན་ངོ་མའི་རིག་གནས་འཛད་སྤྱོད་ཀྱི་གཞི་ཁྱོན་དེ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་མ་ཐག་ཡིན་པས། སྒོར་དུང་ཕྱུར་ཁྲི་3ལས་བརྒལ་བའི་རིག་གནས་འཛད་སྤྱོད་ཀྱི་ཁ་ཤོ་གནས་ཡོད། དེས་མ་ཟད་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཟུར་འཐེན་བརྟག་དཔྱད་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་རིག་གནས་འཛད་སྤྱོད་ཀྱི་གཏོང་སྒོས་བཟུང་བའི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོའི་བསྡུར་ཚད་དམའ་ཙམ་ཡིན་ཞིང་། 2014ལོའི་མི་རེའི་ཆ་སྙོམས་ཀྱི་རིག་གནས་དང་རོལ་རྩེད་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར་671ཟིན་ནས་འཛད་སྤྱོད་བསྡོམས་འབོར་གྱི་གཏོང་སྒོས་བཟུང་བའི་བསྡུར་ཚད་4.6%ཡིན་པ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྤྱིར་བཏང་ཆུ་ཚད་ལས་10%ནས་12%བར་དམའ་བ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།