འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་དུ་ས་མཐོའི“སྐལ་བཟང་མེ་ཏོག”རྣམ་པར་བཞད།

    —— སི་ཁྲོན་བོད་རིགས་ས་ཁུལ་གྱི་གཞོན་ནུ“རི་གྲོང་ནས་ཐོན་པའི་ཟིན་ཐོ”

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་ལྟ་ན་སྡུག་པའི་རི་སྐྱེས་མེ་ཏོག་ཅིག་ཡོད་པ་དེར་སྐལ་བཟང་མེ་ཏོག་ཅེས་འབོད། ས་མཐོ་ནས་ནང་སར་སླེབས་པའི་དཀའ་སྤྱད་འབད་བརྩོན་གྱི་བོད་རིགས་གཞོན་ནུ་ཁྱུ་གཅིག་ཡོད་པ་ནི་དཔའ་ངར་ཞུམ་མེད་ཀྱི་སྐལ་བཟང་མེ་ཏོག་རེ་རེ་དང་འདྲ། ཉེ་ཆར་གསར་འགོད་པས་ལོ་རབས་80དང་90ཡི་ནང་སྐྱེས་པའི་བོད་རིགས་གཞོན་ནུ་ཚོའི་སར་བསྐྱོད་ནས་ཁོ་ཚོའི་འཚར་ལོངས་ཀྱི་གཏམ་རྒྱུད་ལ་ཉན་པ་རེད།
         ས་འོག་ལྕགས་ལམ་གྱི་བུད་མེད་ཁ་ལོ་བ་ཞའོ་ཧྥང་། སྤྱི་ལེ་ཁྲི་10བསྐྱོད་མྱོང་བའི་ས་འོག་ལྕགས་ལམ་གྱི་བུད་མེད་ཁ་ལོ་བ་དང་པོ་དེ་བྱེད་འདོད་ཡོད་པ།
         གསར་འགོད་པས་ལོ་རབས་90ནང་སྐྱེས་པའི་བོད་རིགས་བུ་མོ་ཞའོ་ཧྥང་ཐོག་མར་མཐོང་སྐབས་གཟུགས་བྱད་ལེགས་ལ་ཡིད་དུ་འོང་བའི་བུ་མོ་དེ་ནི་ལོ་བཞི་ཙམ་འཁོར་རིགས་གཏོང་མྱོང་བའི་ས་འོག་ལྕགས་ལམ་གྱི་ཁ་ལོ་བ་ཞིག་ཡིན་པ་སྣང་བའི་ཡུལ་དུ་ཡང་ག་ལ་འཁོར་ཐུབ།
         ལོ་24ཡིན་པའི་ཞའོ་ཧྥང་ནི་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་400ཙམ་ཟིན་པའི་ས་མཐོའི་གྲོང་ཚོ་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་སེ་ཙུའུ་གྲོང་ཚོ་ནས་ཡོང་བ་དང་། ཡུལ་དེའི་གཞོན་ནུ་མ་མཛེས་ཤིང་སྲོལ་རྒྱུན་བོད་མཁར་གྱིས་སྐད་གྲགས་ཆོད་པ་ཞིག་ཡིན། སྔོན་ཆད། དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པ་ནི་ཁོ་མོར་མཚོན་ན་འཕྲུལ་སྣང་ཙམ་ཡིན།
         “‘9+3’གྱིས་ངའི་མི་ཚེར་འགྱུར་བ་བཏང་སོང”ཞའོ་ཧྥང་གིས་དམའ་རིམ་སློབ་འབྲིང་ཐོན་རྗེས་ངས་གཟི་ཚ་སྡེ་དགུ་སྒྱུ་རྩལ་ཚོགས་པར་ཞབས་བྲོ་འཁྲབ་པ་དང་། ཕྱིས་སུ་གྲོང་ཚོའི་ལས་བྱེད་པའི་སྐུལ་སློང་ལ་བརྟེན་ནས“9+3”རིན་མེད་སློབ་གསོའི་འཆར་གཞིའི་སློབ་མ་ཁག་དང་པོར་གྱུར་པ་དང་། ནེ་ཅང་ལྕགས་ལམ་འཕྲུལ་ཆས་སློབ་གྲྭར་སློབ་སྦྱོང་བྱས་ཤིང་། སློབ་གྲྭ་ཐོན་རྗེས་ཁྲེང་ཏུའུ་ས་འོག་ལྕགས་ལམ་གཉེར་སྐྱོང་ཀུང་སིར་རྒྱུགས་འཕྲོད་ནས་རང་རྒྱལ་གྱི་ས་འོག་ལྕགས་ལམ་གྱི་བོད་རིགས་བུད་མེད་ཁ་ལོ་བ་དང་པོར་གྱུར་བྱུང་ཞེས་བརྗོད།
         ལས་རིགས་ཀྱི་དབང་གིས་ཞའོ་ཧྥང་གྲོང་ཁྱེར་ནང་གི་ལངས་སྔ་ཤོས་དང་ཉལ་ཕྱི་ཤོས་ཀྱི་གྲས་སུ་གྱུར། ཉིན་ལྟར་ཞོགས་པའི་ལས་ཀ་ནི་ཐོ་རེངས་ཆུ་ཚོད་4དང་ཕྱེད་ཀར་ལངས་པ་དང་ཆུ་ཚོད་5དང་སྐར་མ་20ལ་སྟར་འཁོར་ལ་རྒྱུན་སྲོལ་ཞིབ་བཤེར་བྱས་ནས་ཆུ་ཚོད་6པའི་ཐོག་དུས་ལྟར་གཏོང་གི་ཡོད། དགོང་མོའི་ལས་ཀ་ནི་ཕྱི་དྲོའི་ཆུ་ཚོད་5པའི་ཐོག་རྩིས་སྤྲོད་ལེན་བྱེད་དགོས་པ་དང་མཚན་དགུང་ཆུ་ཚོད་12ཐོག་ལས་ཀ་གྲོལ་གྱི་ཡོད།
         “དཀའ་ལས་ཞེ་དྲག་འདུག ཉིན་ལྟར་ཚན་ཆུང་བཞིའི་མི་སྣས་རེས་མོས་ལས་ཀ་བྱེད་པ་དང་། དུས་ཆེན་གྱི་གུང་གསེང་དང་གཟའ་མཇུག་མེད་པས། ལོ་4ཡི་རིང་ཕ་ཡུལ་དུ་དཔྱིད་གསར་དུས་ཆེན་གཏོང་བར་འགྲོ་མྱོང་མེད”ཅེས་ཞའོ་ཧྥང་གིས་དགོད་བཞིན་བཤད། “ལྷག་དོན་དུ་དགུན་ཁ་གནམ་གཤིས་ཧ་ཅང་གྲང་བས་ཞོགས་པ་ཡར་ལངས་འདོད་ཁྱོན་ནས་མི་འདུག འོན་ཀྱང་ཨམ་གཙིགས་བསྡམས་ཚེ་སྡུག་རུས་བྱེད་ཐུབ། ངས་རང་ཉིད་ལ་དམིགས་ཚད་ཅིག་གཏན་འཁེལ་བྱས་ཡོད་པ་ནི་སྤྱི་ལེ་ཁྲི་10ལ་བསྐྱོད་པའི་ས་འོག་ལྕགས་ལམ་གྱི་བུད་མེད་ཁ་ལོ་བ་དང་པོ་བྱ་རྒྱུ་དེ་ཡིན”ཞེས་བཤད།
         ཐོབ་པར་དཀའ་བའི་ངལ་གསོའི་སྐབས་ཞའོ་ཧྥང་གིས་ན་མཉམ་བུ་མོ་གཞན་དག་དང་འདྲ་བར། གཉིད་ཉལ་བ་དང་། གློག་བརྙན་ལ་ལྟ་བ། དཔོད་ཆུང་ལ་རྩེ་བ་སོགས་བྱེད་ཀྱི་ཡོད་ཅིང་། ཁོ་མོ་ད་ལྟའི་འཚོ་བར་འདོད་པ་ཁེངས་ཡོད། ལས་ཀ་དང་ཆབས་ཅིག་བརྩེ་དུང་ཐོབ་པ་དང་། དངུལ་བུན་གཡར་ནས་ཁྲེང་ཏུའུ་གྲོང་འདབས་སུ་ཁང་པ་ཞིག་ཀྱང་ཉོས་ཟིན་པས། རི་གྲོང་གི་ཕ་མ་དེ་གར་བསུས་ནས་མཉམ་དུ་འཚོ་བ་སྐྱེལ་རྩིས་བྱེད་ཀྱི་ཡོད།
         “དྲ་བའི་ཐོག་གི་སྐད་གྲགས་ཅན”སྐལ་བཟང་ཕུན་ཚོགས། སློབ་སྦྱོང་བྱས་ཏེ་མི་ཚེར་འགྱུར་ལྡོག་བྱུང་བ།
         ད་ལོའི་ཟླ་3པར་གྲོང་ཁྱེར་གྱི་དར་སྲོལ་དང་ས་མཐོའི་བོད་ལུགས་ཀྱི་སྲོལ་རྒྱུན་གཞི་རྒྱུ་འདུས་པའི་གཉེན་སྒྲིག་གི་འདྲ་པར་ཞིག་དྲ་ལམ་དུ་ཁྱབ་པ་རེད།
         སྐལ་བཟང་ཕུན་ཚོགས་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་ནས་ཡིན། ལོ་བཞིའི་གོང་ཁོ་དང་གྲོགས་པོས་ཁྲེང་ཏུའུ་རུ་བརྡ་ཁྱབ་ཀུང་སི་ཞིག་གཉེར་ནས་ད་ཆ་སྐད་གྲགས་ངེས་ཅན་ཆོད་ཅིང་། གྲགས་ཅན་ཁེ་ལས་ཀྱི་ཇུས་འགོད་རྣམ་གྲངས་མང་པོ་བསྒྲུབས་པ་རེད།
         ཀུན་གྱིས་བལྟས་ན་སྐལ་བཟང་ཕུན་ཚོགས་ནི་མི་ཚེའི་ནང་རྒྱལ་ཁ་ཐོབ་མཁན་ཞིག་ལ་བརྩི་ཆོག་པ་སྟེ། གཟུགས་རིང་ལ་ཕོ་ཉམས་དོད་པ་དང་། བྱ་གཞག་ལམ་ལྷོངས་བྱུང་བ། བཟའ་ཟླ་ཡིད་དུ་འོང་བའི་མཛངས་མ་ཞིག་ཡིན། ད་ལྟའི་འཚོ་བའི་སྐོར་གླེང་སྐབས། ཁོང་གིས“སློབ་སྦྱོང་ལ་བརྟེན་ནས་ངའི་མི་ཚེར་འགྱུར་ལྡོག་བྱུང་སོང”ཞེས་བཤད།
         སྐལ་བཟང་ཕུན་ཚོགས་ཀྱི་ཕ་ཡུལ་དུ་མི་ཕལ་ཆེ་བས་སོ་ནམ་བྱེད་ཀྱི་ཡོད། “ངའི་སློབ་གྲོགས་མང་པོས་དམའ་རིམ་སློབ་འབྲིང་ཐོན་རྗེས། ཕ་ཡུལ་དུ་བསྡད་ནས་སྲོལ་རྒྱུན་གྱི་ཞིང་ཁྱིམ་འཚོ་བ་སྐྱེལ་གྱི་ཡོད་པ་སྟེ། བལ་སྐུད་འཐག་པ་དང་། མ་རྨོས་ལོ་ཏོག་འདེབས་པ། ཕྱུགས་ཟོག་གསོ་བ་བཅས་བྱེད་ཀྱི་ཡོད”ཁོང་གིས་གལ་སྲིད་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་མེད་ཚེ། ངའི་འཚོ་བ་ཡང་ཧ་ལམ་ཁོ་ཚོ་དང་གཅིག་པ་རེད་ཅེས་བཤད།
         “སྤྱིར་ཕ་ཡུལ་ལ་བརྩེ་དུང་ཟབ་མོ་ཡོད་ཀྱང་། གྲོང་ཁྱེར་གྱི་ཡོད་ཚད་ཀྱིས་ང་ལ་སྤྲོ་སྐྱིད་ཀྱི་སྣང་བ་སྦྱིན་འོང”ཞེས་ཁོང་གིས་བཤད། སྐལ་བཟང་ཕུན་ཚོགས་ཡིད་སྤྲོ་བ་ཞིག་ནི་ལོ་ངོ་འདི་དག་གི་རིང་ཕ་ཡུལ་འཛུགས་སྐྲུན་བྱས་ནས་ཇེ་ལེགས་སུ་སོང་བ་དང་ཁྱིམ་བདག་ཚོས་ཀྱང་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ། བྱིས་པ་སྔར་བས་མང་བ་སློབ་ཆེན་དུ་རྒྱུགས་འཕྲོད་པས་བདེ་སྐྱིད་ལམ་བུ་འཚོལ་བའི་ནུས་པ་སྔར་བས་ལྡན་ངེས་རེད།
         མདོ་འཛིན་པ་འཆི་མེད་དབང་མོ། བོད་རིགས་ས་ཁུལ་མང་ཚོགས་ཀྱི“མིག”དང“རྣ་བ”བྱེད་པར་འདོད།
        ལོ་ན་33ཡིན་པའི་འཆི་མེད་དབང་མོ་ནི་སི་ཁྲོན་བོད་རིགས་ས་ཁུལ་མང་ཚོགས་ཀྱིས“བོད་རིགས་ཀྱི་གཟི་བརྗིད”དུ་བརྩི་ཡི་ཡོད་ལ། ཁོ་མོ་ནི་ཁོ་ཚོའི“མིག”དང“རྣ་བ”ཡིན། གཟའ་རེའི་དགོང་མོར་ཁོ་མོས་དུས་ལྟར་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་འཕྲིན་ལམ་དུ་ཁམས་སྐད་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་གསུང་སྒྲ་དང་ས་ཆ་ཁག་གི་གསར་འགྱུར་དེ་ཞིང་འབྲོག་པའི་དུད་ཁྱིམ་ཀུན་ཏུ་གཏོང་གི་ཡོད་པ་རེད།
         འོན་ཀྱང་བོད་རིགས་ས་ཁུལ་གྱི་ལྟད་མོ་བའི་སེམས་ནང་གི་བརྙན་འཕྲིན“སྤྱན་སྦིར”འདིའི་མི་ཚེ་ནི་ཐོག་མར་བརྙན་འཕྲིན་དང་འབྲེལ་བ་སྤུ་ཙམ་ཡང་མེད། འཆི་མེད་དབང་མོ་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དར་མདོ་རྫོང་ཅ་ཀན་པ་ཤང་གི་ཞིང་འབྲོག་དུད་ཚང་ཕལ་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། གཅེན་གཅུང་གསུམ་ཡོད་པ་ལས་ཁོ་མོ་རྒན་ཤོས་ཡིན། ཁྱིམ་ཚང་གི་ཆ་རྐྱེན་དབུལ་ལ་ངལ་རྩོལ་ནུས་ཤུགས་དཀོན་པའི་རྐྱེན་གྱིས། ཁོ་མོས་ཆུང་དུས་ནས་ཕ་མར་རོགས་བྱས་ནས་སོ་ནམ་དང་། ཕྱུགས་འཚོ་བ། ཤ་མོ་འཐུ་བ་བཅས་བྱས་པ་དང་། ཆེན་པོ་ཆགས་རྗེས་དགེ་རྒན་ཞིག་བྱ་རྒྱུའི་ཕུགས་འདུན་ཡོད་པ་རེད།
         2000ལོར་འཆི་མེད་དབང་མོ་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ནས་ཐོན་པ་དང་། དར་མདོ་རྫོང་དུ་གཞུང་ལས་པ་དང་བྱ་གཞག་ཚན་པའི་མི་སྣ་རྒྱུགས་བསྡུ་བྱེད་པ་དང་འཁེལ། ཁོ་མོས་ཚོད་ལྟ་ཙམ་བྱ་རྒྱུའི་བསམ་པ་དང་བཅས་མིང་ཐོ་བཀོད་པ་དང་སྟབས་ལེགས་ནས་རྫོང་བརྙན་འཕྲིན་ལས་ཁུངས་ཀྱིས་བསྡུས་ནས་བརྙན་འཕྲིན་ལས་དོན་པ་ཞིག་ཏུ་གྱུར།
         རྫོང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་གསར་འགོད་པ་དང་མདོ་འཛིན་པ་ནས། སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་འཕྲིན་ལམ་གྱི་མདོ་འཛིན་པ་གཙོ་བོར་གྱུར་པ་དང་། “རྒྱལ་ཡོངས་ཚོགས་འདུ་གཉིས”སོགས་བཅར་འདྲི་ཆེ་གྲས་ཀྱི་གནས་ཚུལ་སྤེལ་གཏོང་ནང་ཞུགས་པ་མ་ཟད། ལས་ཀ་སྒྲུབ་པའི་ལོ་16རིང་འཆི་མེད་དབང་མོས་དུས་དང་རྣམ་པ་ཀུན་ནས་རང་ཉིད་ལ་རེ་བ་ནན་པོ་འདོན་ཡོད། དང་ཐོག་ཁོ་མོས་རྩོམ་སྒྲིག་པས་ཞུ་དག་བྱས་རྗེས་ཀྱི་མ་ཟིན་ལ་ཡང་ཡང་ལྟ་བ་དང་ཉིན་ལྟར་《གསར་འགྱུར་མཉམ་བསྒྲགས་》དང་ཀྲུང་དབྱང་རླུང་འཕྲིན་གྱི་གསར་འགྱུར་ལ་ལྟ་ཉན་བྱས་ཏེ་ཡི་གེ་དང་ཚིག་རེ་རེ་བཞིན་རང་ཉིད་ཀྱི་སྤྱི་སྐད་ཀྱི་གདངས་ཡོ་བསྲང་བྱས་པ་རེད། ད་ཆ་ཁོ་མོ་ནི་བྱང་ཆ་ཆེ་བའི་འཇོན་ཐང་ཅན་ཞིག་ཏུ་གྱུར་པ་དང་། སྐབས་བརྒྱད་པའི“རྒྱལ་ཡོངས་སྤྱོད་རྩལ་གཉིས་ལྡན་གྱི་བརྙན་འཕྲིན་སྒྱུ་རྩལ་ལས་དོན་པ”དང་། སྐབས་27པའི་ཀྲུང་གོའི་བརྙན་འཕྲིན་གསེར་གྱི་གླག་རྒོད་བྱ་དགའི“ཕུལ་བྱུང་གི་ལེ་ཚན་མདོ་འཛིན་པའི་བྱ་དགའ”སོགས་བྱ་དགའ་ཆེ་ཆུང་མང་པོ་ཐོབ་ཡོད་པ་རེད།
         ཁོ་མོས་གོམ་པ་རེ་ལ་རྐང་རྗེས་རེ་བཏོད་ནས་མདུན་དུ་བསྐྱོད་པ་མ་ཟད། བྱ་གཞག་དེར་དགའ་བར་གྱུར། ཁོ་མོས“ཚེ་གང་རིང་འདོར་མི་སྲིད་པ”ནི་བཅར་འདྲི་བྱ་ཡུལ་ནས་བྱུང་བའི་དྲོ་སྐྱིད་ཡིན། “མི་སེར་ཚོའི་འགྲམ་དུ་སྐྱོད་སྐབས་ཁོ་ཚོས་ཁྱེད་རང་གཉེན་ཉེ་དང་ཡིད་རྟོན་རུང་ཤོས་སུ་བརྩིས་ཏེ། ཁྱིམ་གྱི་ཟས་སྣ་གང་ལེགས་བཏོན་ནས་སྣེ་ལེན་བྱེད་སྲིད། བཅར་འདྲི་བྱ་ཡུལ་མང་པོ་ཞིག་ད་ཆ་ངའི་གྲོགས་པོར་གྱུར་ཡོད་ལ། ཐ་ན་དགའ་སྐྱོ་ཆགས་སྡང་གི་སྙིང་གཏམ་བརྗོད་སའི་གཉེན་ཉེར་གྱུར་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།