འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         —— སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་ དགོངས་དོན་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གསུམ་པ།
    །     དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་མི་སེམས་ནི་ཆབ་སྲིད་ཆེ་ཤོས་རེད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལྟར་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་དེ་སྟངས་འཛིན་ནན་པོ་བྱས་ཏེ་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
         དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ནི་ཕན་ཚུན་ཆ་རྐྱེན་དུ་འགྱུར་བ་དང་རྩོད་སྒྲུབ་གཅིག་གྱུར་ཡིན་པས་དངོས་པོ་བསམ་པར་འགྱུར་བ་དང་བསམ་པ་དངོས་པོར་འགྱུར་བའི་འབྲེལ་བ་རེད། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དངོས་ཡོད་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཤུགས་ཆེ་བྱེད་དགོས་ལ་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་ཡང་ཤུགས་ཆེ་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་སེམས་པ་ཕྱོགས་ཤུགས་ཆེ་རུ་བཏང་ནས་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཐོག་གཅིག་ཏུ་འགྲིལ་ཚེ་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་ཆེས་སྲ་ཞིང་བརྟན་པའི་རྨང་གཞི་དང་འགན་ལེན་ཡོང་ཐུབ།
         ད་ལྟ་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་ལ་སླེབས་པས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱེད་པར་དང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་སྐྱོད་པའི་གོམ་སྟབས་མགྱོགས་སུ་ཏན་ཏིག་གཏོང་དགོས། རིག་པ་དྭངས་གསལ་གྱི་སྒོ་ནས་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་གྱི་རྐྱེན་པས་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་14ནང་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནི་དབུལ་ཕོངས་ཀྱི་གཞི་རྒྱ་ཆེ་ཤོས་དང་དབུལ་ཕོངས་ཀྱི་ཚད་གཞི་ཟབ་ཤོས་ཀྱི་ས་ཁུལ་ཡིན་པས་ངེས་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་དམིགས་ཚད་མངོན་འགྱུར་ཡོང་བའི་མངོན་གསལ་དོད་ཤོས་ཀྱི་ལས་འགན་དུ་བརྩིས་ནས་མི་འདང་ས་གསབ་པའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་པ་དང་འདོན་ཐུབ་པ་བྱེད་དགོས་ལ་མཐོང་ཐུབ་པ་བྱེད་དགོས།
         དབུལ་སྐྱོར་དབུལ་སྒྲོལ་ཐད་ནུས་ཤུགས་གནས་སྨིན་འདོན་རྒྱུར་མཐོང་ཆེན་བྱས་ཏེ་དབུལ་རྩ་འཚོལ་བ་དང་དབུལ་རྩ་བཀོག་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཕོངས་སུ་འགྱུར་བའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མ་དངུལ་དང་རྣམ་གྲངས་ཞིང་འབྲོག་མང་ཚོགས་ལ་ཕྱོགས་པ་དང་། གཞི་རིམ་ལ་ཕྱོགས་པ། དབུལ་ཕོངས་ས་ཁུལ་ལ་ཕྱོགས་པ་བཅས་སྔར་བས་བྱས་ཏེ་དམངས་སེམས་དང་མཐུན་པ་དང་། དམངས་འཚོར་ཕན་པའི་མིག་མཐོང་ལག་ཟིན་གྱི་བྱ་བ་མང་པོ་བསྒྲུབས་ཏེ་དམིགས་བསལ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་གང་མྱུར་ལེགས་སུ་གཏོང་བ་དང་། དབུལ་སྐྱོར་ཐད་ཀྱི་དངོས་ཕན་རང་བཞིན་མཐོ་རུ་བཏང་ནས་དབུལ་ཕོངས་ས་ཁུལ་གྱི་རང་འཕེལ་ནུས་པ་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས།
         དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས། མིག་སྔར་གཞི་འཛུགས་དགོས་ལ་ཕུགས་ལ་ཡང་དམིགས་དགོས་པ་དཔེར་ན། སློབ་གསོ་ནི་དམངས་འཚོའི་རྨང་གཞི་དང་བླ་སྲོག་གི་འདུ་འགོད་ཡིན་པས་བོད་རིགས་ས་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བར་གཞི་རྩ་དེ་སློབ་གསོར་བརྟེན། དགོས་པར་བརྟེན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཞིའི་ནང་བཅུག་ནས། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཡང་དཔེར་ན། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས་ལས་ཞུགས་མི་གཅིག་མང་དུ་སོང་ཚེ་ཁྱིམ་ཚང་དུ་ཡོང་འབབ་གཅིག་མང་དུ་སོང་བ་དང་སྤྱི་ཚོགས་ལའང་བདེ་འཇགས་གཅིག་མང་དུ་འགྲོ་ཐུབ་པར་བརྟེན། ཡུལ་བབ་དང་བསྟུན་ནས་དེ་བས་ཕན་པ་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ་རིགས་ཁག་གི་ཁྲོམ་རའི་བྱེད་པོས་ལས་ཞུགས་བསྡུ་ལེན་ལ་རྒྱབ་སྐྱོར་དང་གཞོན་ནུ་ཚོས་ལས་ཞུགས་འདུ་ཤེས་བསྒྱུར་རྒྱུར་རོགས་རམ་བྱས་ནས། མི་རིགས་ཁག་གི་མང་ཚོགས་གྲོང་ཁྱེར་དང་གྲོང་རྡལ་དང་། ཁེ་ལས་སུ་ལས་ཞུགས། ཚོང་གཉེར་ལས་གཏོད་བཅས་ཐུབ་རྒྱུར་རོགས་རམ་དེ་བས་མང་བ་བྱེད་དགོས།
         འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བར་ངེས་པར་དུ་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དོན་དངོས་ལ་བསྟུན་དགོས་པ་ལས། འདྲ་བཤུས་འདྲ་སྤོས་དང་མུན་འཐོམས་ངང་བསྡུར་རེས་བྱེད་མི་རུང་། མཚོ་བོད་ས་མཐོ་དེ་ཉིད“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཞེས་འབོད་པ་དང་སྣོད་བཅུད་ཧ་ཅང་ཉམས་ཞན་ཡིན་པས་མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཤིག་རེད། གསར་སྤེལ་དང་སྲུང་སྐྱོང་དང་། འཛུགས་སྐྲུན་དང་ལྟོ་ཆས་བཅས་ཀྱི་གནད་དོན་ཐད་ངེས་པར་དུ་འཆར་འགོད་ཆེན་པོ་དང་ཕུགས་ལ་བསམ་བློ་བཏང་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ལས། སྣོད་བཅུད་ཁོར་ཡུག་བློས་གཏོང་བྱ་རྒྱུ་རིན་དོད་དུ་བརྩིས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་མི་རུང་། བོད་རིགས་ས་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་ལ་ལེགས་སྐྱེས་ཕུལ་བའི་ཐད་རྒྱལ་ཁབ་ཀྱིས་ངེས་པར་དུ་ཁ་གསབ་སྤྲོད་དགོས་པ་ལས་ས་ཁུལ་གཞན་དག་གིས་བསྡུར་བ་བྱེད་མི་རུང་།
         དམངས་འཚོ་དང་དམངས་སེམས་གཅིག་ཏུ་འབྲེལ། དམངས་སེམས་དང་དམངས་ཤུགས་གཅིག་ཏུ་སྒྲིལ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩིས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་དང་འབྲེལ་བ་དམ་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་ཐོབ་ཆ་ཐོབ་པའི་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ཕུགས་འདུན་བློ་སེམས་གཅིག་མཐུན་ངང་གཏོད་པའི་བོད་ལྗོངས་ཀྱི་ལེའུ་བརྩམས་ངེས་རེད། ༼ འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།