འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་50ཙམ་གྱིས་དབན་ཕིང་གྲོང་སོགས་རི་འགོག་
    དམག་འཁྲུག་གི་ཤུལ་རྙིང་ལ་མཉམ་དུ་ལྟ་སྐོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ་40ཡི་གསར་འགོད་པ་50ཙམ་གྱིས་དབན་ཕིང་གྲོང་གི་གྱང་ངོས་ཀྱི་མདེལ་ཤུལ་དང་། ལུའུ་ཀོའུ་ཟམ་པ། རི་འགོག་དམག་འཁྲུག་གི་དྲན་གསོ་ཁང་བཅས་སུ་མཉམ་དུ་བཅར་འདྲི་བྱས་པ་རེད། དེའི་ནང་རྒྱལ་ཁབ་ཕྱིའི་སྨྱན་སྦྱོར་20ལྷག་ཙམ་གྱི་གསར་འགོད་པ་30ཡིས། ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་ཀྱི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
         དབན་ཕིང་གྲོང་གི་གྱང་ངོས་སུ་རི་དམག་གིས་མེ་སྒྱོགས་བརྒྱབ་པའི་མདེལ་ཤུལ་མཐོང་སྐབས། ཨའོ་མོན་གྱི་ཨེ་ཤེ་ཡའི་སྲུང་སྐར་བརྙན་འཕྲིན་གྱི་གསར་འགོད་པ་ལི་དབྱི་མིན་གྱིས“ངོ་མ་མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་འདུག ལོ་རྒྱུས་ཀྱི་རྗེས་ཤུལ་མདུན་དུ་ངས‘ཁྲག་བཏོན་དམར་འཛིང’ཞེས་པའི་ཡིག་འབྲུ་བཞི་པོའི་གོ་དོན་དངོས་འབྲེལ་རྟོགས་ཐུབ་སོང་། རང་ཉིད་ངོ་མས་མིག་མཐོང་ལག་ཟིན་ཐུབ་ཚེ། གཞི་ནས་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་པ་མ་ཟད། གཅེས་སྤྲས་དེ་བས་ཀྱང་ལྡབ་བརྒྱ་བྱེད་སྲིད”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་བྱུང་།
         《ཧན་གོའི་རིག་གནས་ཚགས་པར》གྱི་གསར་འགོད་པ་ཕེའོ་ཧྲི་ཡིང་ལུའུ་ཀོའུ་ཟམ་པར་ཡོང་ཐེངས་དང་པོ་རེད། ཁོང་གིས“ལུའུ་ཀོའུ་ས་ཆ་འདི་དངོས་འབྲེལ་ཡིད་དུ་འོང་བའི་ཡུལ་ཞིག་ཡིན་རུང་། ‘བདུན་པའི་ཚེས་བདུན་གྱི་དུས་འགྱུར’བྱུང་བའི་དབང་གིས། འདི་གར་དམག་འཁྲུག་དང་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད། ལོ་རྒྱུས་ནི་ལོ་རྒྱུས་ཡིན་ལ་དོན་དངོས་ཀྱང་དོན་དངོས་ཡིན། འདས་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཚེ། གཞི་ནས་ད་ཆར་གཅེས་སྤྲས་དང་འབྱུང་འགྱུར་ལ་ཁ་ཕྱོགས་ཐུབ”ཅེས་བཤད་བྱུང་།
         ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་གི་དྲན་གསོ་ཁང་དུ“རླབས་ཆེན་གྱི་རྒྱལ་ཁ། ལོ་རྒྱུས་ཀྱི་ལེགས་སྐྱེས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་འདི་ལོའི་ཟླ་7ཚེས་7ཉིན་ནས་སྤེལ་འགོ་ཚུགས་ཚུན། ལྟ་སྐོར་བ་ཁྲི་40ཙམ་ལ་སྣེ་ལེན་ཞུས་ཡོད། དྲན་གསོ་ཁང་གི་ཀོན་ཀྲང་གཞོན་པ་ལི་ཙུང་ཡོན་གྱིས“ད་ཐེངས་ཀྱི་འགྲེམས་སྟོན་དམིགས་ཡུལ་ནི་བྱ་བ་གསུམ་གསལ་པོ་ཤོད་རྒྱུ་ཡིན་པ་སྟེ། གཅིག་ནི་ཀྲུང་གོའི་རི་འགོག་དམག་འཁྲུག་གི་ཆ་ཤས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་འགོ་ཚུགས་པ་དང་། གཉིས་ནི་ཀྲུང་གོའི་མི་རིགས་ཧྲིལ་པོའི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གཡུལ་ས་ཐེངས་དང་པོ་བཏོད་པ། གསུམ་ནི་ཀྲུང་གོས་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བཅས་རེད”ཅེས་ངོ་སྤྲོད་བྱས་བྱུང་།
         དྲན་གསོ་ཁང་དུ་ལྟ་སྐོར་བྱེད་རིང་། སྨྱན་སྦྱོར་ཁག་དང་ལྷག་པར་དུ་རྒྱལ་ཁབ་ཕྱིའི་གསར་འགོད་པས་འདོད་ཆེན་པོ་དང་བཅས་པར་ཆས་ཀྱི་ཤེལ་མིག་པར་རིས་དང་རིག་དངོས་རྩ་ཆེན་ལ་ཕྱོགས་པ་དང་ཆབས་ཅིག“འོས་འགན་ལོ་རྒྱུས་གསལ་འགྲེལ་པ”ཡིན་པའི“བདུན་པའི་ཚེས་བདུན་གྱི་དུས་འགྱུར”ངོ་མ་བརྒྱུད་མྱོང་བའི་བགྲེས་སོང་ཀྲེན་ཧྥུའུ་ལའེ་ལ་བཅར་འདྲི་ཞུས་པ་རེད། ཤང་ཀང་མང་བྱིངས་དྲ་རྒྱའི་གསར་འགོད་པ་ཡན་ཞོལ་གྱིས“འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བརྩོན་ལེན་བྱེད་རིང་། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ཡོད་ལ། ཀྲུང་གོས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་དེ་ཁས་ལེན་བྱེད་དགོས”ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།