འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིར་ཟོག་རྙིང་སྤེལ་རེས་བྱ་རྒྱུ་དེ་དར་སྲོལ་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལི་ཧྲ་ནི་ཨ་རིའི་ཁོར་ཡུག་སྲུང་སྐྱོང་གི་རྒྱབ་ཁུག་ཁེ་ལས་ཀྱི་སྲོལ་གཏོད་པ་ཡིན་པ་དང་ལུའོ་ཧྲན་ཅིར་སྤེལ་བའི་གསར་གཏོད་ཚོང་འདུས་ཐོག་ཁོ་མོ་དང་གསར་འགོད་པ་ངོ་འཕྲད་བྱུང་། ལོ་ཤས་གོང་ལི་ཧྲ་དང་རོགས་པ་ཀྲན་ཉི་ཧྥོས་སྦི་རག་ཐོན་སྐྱེད་དང་། བྲག་འཛེག་ལུས་རྩལ། ཨར་སྐྲུན་ལས་གྲྭ་བཅས་ཀྱི་ཁྲོད་ནས་སྙིགས་རོ་འབོར་ཆེན་ཐོན་གྱི་ཡོད་པ་ཤེས་འཕྲལ་ཁོང་གཉིས་ཀྱིས་སྙིགས་རོ་དེ་དག་ཚུར་བསྡུས་ནས་གཙང་འཁྲུད་དང་། ཚོས་རྒྱག སླར་ཡང་ལས་སྣོན་བཅས་བྱས་ཏེ་ཁུངས་ཐུབ་ལ་དར་སོ་ཆེ་བའི་རྒྱབ་ཁུག་སྣ་ཚོགས་འཆར་འགོད་བྱས་ནས་དུས་རབས་ཀྱི་འཕེལ་ཕྱོགས་དང་མཉམ་དུ་སྐྱོད་ཐབས་བྱས།
         ལི་ཧྲ་ཡིས“ང་ཚོའི་འབོད་ཚིག་ནི‘འཆར་འགོད་མང་ཙམ་དང་འཕྲོ་བརླག་ཉུང་ཙམ་གཏོང’ཞེས་པ་དེ་ཡིན”ཞེས་བཤད་བྱུང་།
         “འཁོར་རྒྱུག་དཔལ་འབྱོར”ཞེས་པའི་ཐ་སྙད་དེ་ཨ་རི་ནས་དར་ཞིང་། དུས་རབས་གོང་མའི་ལོ་རབས་60པར་ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་ཕོའར་ཏིང་ལ་སྐབས་དེ་དུས་འཕེན་གཏོང་བྱས་པའི་འཇིག་རྟེན་འཕུར་གྲུ་ལས་བློ་སྒོ་འབྱེད་པ་སྟེ། སའི་གོ་ལའི་དཔལ་འབྱོར་མ་ལག་འཇིག་རྟེན་འཕུར་གྲུ་ཇི་བཞིན་དུ་སྣང་བ་དང་སའི་གོ་ལར་ཐོན་ཁུངས་མ་ལག་འབོར་ཆེན་དང་གོ་ལའི་གནས་ཡུན་ཧ་ཅང་རིང་ནའང་ཐོན་ཁུངས་ཡང་སྐོར་བསྐྱར་སྐོར་ངང་སྤྱོད་པའི་འཁོར་རྒྱུག་དཔལ་འབྱོར་གྱི་མ་ལག་ཆགས་ཚེ་སའི་གོ་ལ་དེ་བས་ཡུན་གནས་ཐུབ་པ་དེ་རེད།
         འཆར་འགོད་ལས་ལ་གཞོལ་མྱོང་བའི་ལི་ཧྲ་ལ་འཆར་འགོད་དང་ཁོར་ཡུག་སྲུང་སྐྱོང་ཟུང་འབྲེལ་བྱེད་པའི་ཕུགས་འདུན་ཞིག་ཡོད། དེར་བརྟེན་ཁོ་མོས་འཆར་འགོད་དང་ཁོར་ཡུག་སྲུང་སྐྱོང་ཟུང་དུ་སྦྲེལ་བའི་རྒྱབ་ཁུག་འཆར་འགོད་ལས་ལ་གཞོལ་འགོ་བརྩམས་ཤིང་། ལི་ཧྲ་ཡིས“ངའི་གམ་གྱི་གྲོགས་པོ་མང་ཆེ་བ་ནི་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་འགོ་འཛུགས་སར་བརྩི་བ་དང་འཁོར་རྒྱུག་འཛད་སྤྱོད་དར་སྤེལ་བཏང་ནས་སྙིགས་རོ་ནོར་བུར་བསྒྱུར་འདོད་བྱེད་མཁན་ཡང་ཡིན”ཞེས་བཤད་བྱུང་། འཁོར་རྒྱུག་འཛད་སྤྱོད་ཅེས་པ་ནི་མི་ཚོས་འཚོ་བའི་མཁོ་ཆས་འཛད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ཕན་འབྲས་ཆེན་པོའི་ངང་འཛད་སྤྱོད་ཐོན་ཁུངས་བེད་སྤྱོད་དང་འཛད་སྤྱོད་ཁོར་ཡུག་སྲུང་སྐྱོང་བྱེད་པ་མ་ཟད། སྙིགས་རོས་བཙོག་འབུད་ཉུང་ཤོས་དང་ཁོར་ཡུག་ལ་གནོད་འཚེ་ཆུང་ཤོས་གཏོང་གང་ཐུབ་བྱ་རྒྱུ་འགན་ལེན་བྱེད་པ་དེར་ཟེར། དེ་ནི་དེང་རབས་སྤྱི་ཚོགས་ཀྱིས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱི་བྱེད་ཐབས་ཤིག་རེད།
         ཨ་རིར་འཁོར་རྒྱུག་འཛད་སྤྱོད་བྱེད་པའི་རྣམ་པ་དང་ཐབས་ལམ་མང་པོ་ཡོད་པ་སྟེ། གཅིག་ནས་ཁྱིམ་ཚང་གི་ཕམ་ཚོང་རྒྱག་པའི་བྱེད་སྒོ་ཡོད་ལ་གཉིས་ནས་དགེ་སྒྲུབ་སྒྲིག་གཞིས་སྤེལ་བའི་ཟོག་རྙིང་སྤེལ་རེས་ཀྱང་ཡོད་ཁར། འཛད་སྤྱོད་པས་ད་དུང་ཚོང་ལས་དྲ་ཚུགས་ཁག་ཅིག་གམ་ཡང་ན་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པའི་དྲ་ཚུགས་ནས་ཟོག་རྙིང་ཡང་ཉོ་ཚོང་བྱེད་ཆོག་གི་ཡོད་པ་རེད།
         མི་རིང་བར་ལུས་སྦྱོང་རྩལ་ཁྲིད་ལས་ལ་གཞོལ་བའི་གསར་འགོད་པའི་གྲོགས་པོ་ཧྲི་ཏེ་ཧྥུའུ་ཁྱིམ་ཚང་སྤོ་དགོས་པས་རང་ཁྱིམ་གྱི་རླངས་འཁོར་འཇོག་སར་དངོས་ཟོག་ཕམ་ཚོང་རྒྱག་པའི་བྱེད་སྒོ་ཞིག་སྤེལ་རྒྱུར་ཐག་བཅད། གཟའ་མཇུག་གི་ཞོགས་པ་ཞིག་ལ་གསར་འགོད་པས་མོ་ཊར་བསྡད་ནས་ཁོ་བོའི་ཁྱིམ་དུ་བསྐྱོད། དེ་དུས་རླངས་འཁོར་འཇོག་སར་སྐུ་མགྲོན་བཞི་ལྔ་ཙམ་རང་ཉིད་ཀྱི་བློ་ལ་བབས་པའི་དངོས་ཟོག་ཉོ་བཞིན་འདུག ཁྱིམ་མཚེས་ཧའེ་ལུན་གྱིས་ངའི་གྲོང་པ་ཁྱིམ་མཚེས་མང་ཆེ་བས་རྒྱུན་དུ་རླངས་འཁོར་འཇོག་སའམ་ཡང་ན་སྒོ་རའི་ནང་ཕམ་ཚོང་བྱེད་སྒོ་དེ་འདྲ་བ་སྤེལ་གྱི་ཡོད། ཕམ་ཚོང་རྒྱག་པའི་དངོས་ཟོག་མང་ཆེ་བ་ནི་ཟོག་རྙིང་རེད། འོན་ཀྱང་དངོས་ཟོག་ཁག་གཅིག་ཉོས་ནས་སྤྱོད་མ་མྱོང་བའི་དངོས་ཟོག་གསར་པ་ཤ་སྟག་རེད། “ཁྱིམ་དུ་འཇོག་པ་ལས་མི་གཞན་ལ་བཙོང་ན་དགའ། སྙིགས་རོ་བེད་སྤྱོད་བྱེད་དགོས་ཀྱི་རེད”ཅེས་བཤད་བྱུང་། ཧྲི་ཏེ་ཧྥུའུ་ཡིས་ཀྱང་བཙོངས་པ་རེད་ཟེར་དགོས་ཀྱང་དོན་དངོས་ཐོག་ཧ་ལམ་སྟེར་བ་དང་ཁྱད་མེད། དེ་འདྲ་བྱས་ན་ཁྱིམ་ཚང་སྤོ་བའི་ཁུར་པོ་ཡང་དུ་འགྲོ་ཐུབ་པ་མ་ཟད། དངོས་ཟོག་གི་འཛད་སྤྱོད་རིན་ཐང་གང་ལེགས་མངོན་ཐུབ་ཅེས་བཤད་བྱུང་། ད་ཆ་གཟའ་མཇུག་ཏུ་རང་ཉིད་ཀྱི་སྒོ་རའི་ནང་ཕམ་ཚོང་རྒྱག་པའམ་ཡང་ན་རླངས་འཁོར་ལ་བསྡད་ནས་ཁྱིམ་ཚང་གཞན་གྱི་ཕམ་ཚོང་རྒྱག་སར་ལྟ་བར་སྐྱོད་རྒྱུ་དེ་ཨ་རིའི་དམངས་ཚོགས་མང་པོའི་གཟའ་མཇུག་གཏོང་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།
         ཟོག་རྙིང་སྤེལ་རེས་ནི་ཨ་རིའི་འཁོར་རྒྱུག་འཛད་སྤྱོད་ཀྱི་ཐབས་ལམ་གལ་ཆེན་ཡོན་ཞིང་། ཨ་རིའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུར་ཟོག་རྙིང་ཚོང་ཁང་ངམ་ཡང་ན་ལག་བརྒྱུད་དངོས་ཟོག་ཚོང་ཁང་སྤྱིར་ན་གང་སར་མཐོང་རྒྱུ་ཡོད། ཚོང་ཁང་དེ་དག་སྤྱིར་ན་དགེ་སྒྲུབ་སྒྲིག་གཞིས་གཉེར་བ་དང་། ཚོང་ཁང་དེ་ཚོས་འཚོང་བའི་ཉིན་རེའི་མཁོ་རྫས་དང་གྱོན་གོས་སྣ་ཚོགས་དང་ཐ་ན་བཟའ་བཅའ་སོགས་མང་ཆེ་བ་སྡེ་ཁུལ་དང་དམངས་ཚོགས་ཀྱིས་ཞལ་འདེབས་ཕུལ་བ་ཞིག་རེད། ཚོང་ཁང་གི་ཡོང་འབབ་སྤྱི་ཚོགས་གུད་སྐྱོབ་ཐད་སྤྱོད་ཀྱི་ཡོད། ཚོང་ཁང་གིས་ཟོག་རྙིང་འབྱོར་མ་ཐག་གཙང་འཁྲུད་དང་། དུག་སེལ། གཙང་བཟོ་བཅས་བྱེད་དགོས་པ་དང་ཟོག་རྙིང་དེ་དག་འཕྲོད་བསྟེན་དང་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་ཚེ་གཞི་ནས་ཚོང་ཁང་ནས་བཙོང་ཆོག་གི་ཡོད། ཚོང་ཁང་ཁག་གཅིག་གིས་ད་དུང་དངོས་ཟོག་ཞལ་འདེབས་འབུལ་མཁན་གྱི་དམངས་ཚོགས་ལ་དཔྱ་ཁྲལ་ཆག་ཡང་གི་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
         སྲིད་གཞུང་གིས་འཁོར་རྒྱུག་འཛད་སྤྱོད་ལ་ལྕག་སྐུལ་བྱ་ཆེད་ཁེ་ལས་དང་གྲོང་མིས་ཟོག་རྙིང་སྤེལ་རེས་བྱེད་སའི་དྲ་ཚུགས་རིན་མེད་ངང་གཏོད་པ་དཔེར་ན་ཅ་ལི་ཧྥུའུ་ལི་ཉི་ཡ་མངའ་སྡེ་མའེ་ཁེ་སི་དངོས་ཟོག་སྤེལ་རེས་དྲ་ཚུགས་ཞེས་པ་ལྟ་བུ་རེད།
         མིག་སྔར་འཁོར་རྒྱུག་དཔལ་འབྱོར་དེ་ཉིད་ཨ་རིའི་གཙོ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད་ཅིང་། ཨ་རི་ཡོངས་ཀྱི་དངོས་ཟོག་འཁོར་རྒྱུག་བེད་སྤྱོད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཨ་རིར་འཁོར་རྒྱུག་དཔལ་འབྱོར་ལས་ལ་གཞོལ་བའི་ཁེ་ལས་ཆེ་ཆུང་ཁྲི་5.6ཙམ་ཡོད་པ་དང་དེས་མི་ཁྲི་110ལྷག་ཙམ་ལ་ལས་ཞུགས་གོ་སྐབས་བསྐྲུན་པ་མ་ཟད། ལོ་རེའི་ཕྱིར་ཚོང་ཡོང་འབབ་ཨ་སྒོར་དུང་ཕྱུར་2360ཙམ་ཟིན་གྱི་ཡོད་པ་རེད།
         ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཀྱི་ཟུར་ཚད་ཐོག་ནས་བལྟས་ན་མིག་སྔར་ལྕགས་རིགས་ཀྱིས་ཐུམ་སྒྲིལ་བརྒྱབ་པའི་ཟོག་རོ་ཚུར་བསྡུ་ཚད་57%ཟིན་པ་དང་། སྦི་རག་ལྕག་ཀྲིན་དང་བཏུང་བྱ་གཞན་དག་གི་ལྕག་ཀྲིན་ཚུར་བསྡུ་ཚད་55%ཟིན་པ། ཤོག་བུ་ཚུར་བསྡུ་བྱེད་ཚད་42%ཟིན་པ། འཐུང་བྱའི་འགྱིག་དམ་ཚུར་བསྡུ་ཚད་40%ཟིན་ཡོད་པ་ཅིང་། ཕྱོགས་ཡོངས་ནས་བལྟས་ན་འཁོར་རྒྱུག་དཔལ་འབྱོར་གྱིས་ཨ་རིའི་གད་སྙིགས་འབོར་ཚད་བཞི་ཆ་གཅིག་ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།