འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་31ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་། འཕེལ་རྒྱས་ཀྱི་ཆུ་ཚད་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ད་ཆ་ལྷ་སའི་གནའ་གྲོང་དང་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ལམ་ཡང་ན་བོད་བྱང་ཐང་ས་མཐོ་དང་ཡར་ཀླུང་གྲོག་རོང་གང་དུ་ཡིན་རུང་ལོ་ངོ་50རིང་གི་འཛུགས་སྐྲུན་གྲུབ་འབྲས་ཆེན་པོ་གང་སར་མངོན་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱིས་སྒོ་དབྱེ་དང་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཆེན་པོ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།
         རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཞིང་། དུས་ཡུན་རིང་པོར་འགྲིམ་འགྲུལ་མི་བདེ་བ་དང་གློག་དཀོན་པ་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་འཇུར་མིག་ཆེན་པོ་གཉིས་ཡིན། ད་ཆ་བོད་ལྗོངས་སུ་ལྷ་སའི་གོང་དཀར་གནམ་ཐང་ལྟེ་བར་བྱས་པའི་ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་ཞི་བདེ་གནམ་ཐང་བཅས་ཡན་ལག་ལམ་བུ་བྱས་པའི་གནམ་ཐང་5ཡི་དྲ་རྒྱ་ཞིག་ཆགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་48བཏོད་པ་དང་གྲོང་ཁྱེར་29ལ་གནམ་གྲུ་གཏོང་གི་ཡོད་ལ་ལོར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་275.9ཟིན་ཡོད། མཚོ་བོད་ལྕགས་ལམ་དུ་མེ་འཁོར་རྒྱུན་སྲིང་དང་བདེ་འཇགས་ངང་བཏང་བས་ད་ཆ་ཉིན་ལྟར་བོད་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་མེ་འཁོར་ཐེངས་གྲངས་30ཟིན་པ་རེད། ནུས་རྒྱུ་མཁོ་སྤྲོད་ཀྱི་ཐད་ནས་ཆུ་གློག་གཙོ་བོ་ཡིན་པའི་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་གསབ་རེས་ཀྱི་ནུས་རྒྱུའི་མ་ལག་གསར་པ་ཁྱོན་ཡོངས་ནས་བསྐྲུན་ཡོད། མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་དང་ཁྲོན་བོད་གློག་དྲ་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་གཉེར་སྐྱོང་བྱས་ཏེ་བོད་ཀྱི་གློག་དྲ་ཁེར་རྐྱང་གཉེར་སྐྱོང་གི་ལོ་རྒྱུས་མཇུག་འགྲིལ་བ་རེད།
         མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། 2006ལོར་བོད་ཀྱི་བདེ་སྡོད་ལས་གྲྭ་དེ་ཚད་བརྒལ་བྱེད་ས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་བྱས་པ་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་ཡོད།
         མིག་སྔར་ལྗོངས་ཡོངས་ཀྱི་དུད་ཚང་ཁྲི་46.03དང་ཞིང་འབྲོག་པ་ཁྲི་230བདེ་འཇགས་དང་སྤྱོད་གོ་ཆོད་ལ་ཁོད་ཡངས་དཀར་ཆ་དོད་པའི་ཁང་གསར་དུ་སྡོད་ཐུབ་པར་གྱུར། ཆུ་དང་། གློག ལམ། འཕྲིན་གཏོང་། རླངས། རླུང་འཕྲིན་བརྙན་འཕྲིན། སྦྲག་ལས་སོགས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་རིམ་གྱིས་འཐུས་ཚང་དུ་སོང་བ་དང་། 99.7%གྱི་ཤང་གྲོང་དང་99.2%ཀྱི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་བྱུང་ནས་གྲོང་ཚོ་ཀུན་ཏུ་ཁ་པར་དང་ཤང་ཚང་མར་དྲ་བ་ཁྲིད་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་གྱི་མི་འབོར་ཕྱོགས་བསྡུས་ཁྱབ་ཚད་94.8%དང་95.9%སོ་སོར་ཟིན། 2014ལོར་གྲོང་གསེབ་ཡུལ་མིའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7359ཟིན་ནས་12.3%འཕར་ཡོད།
         སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ཞིང་། 2014ལོའི་ལོ་མཇུག་ཏུ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁག་1432བར་མང་དུ་སོང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་དྲ་རྒྱ་ཞིག་བསྐྲུན་ཡོད། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། བོད་ལྗོངས་དེ་ཉིད་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མར་འཚོ་བཅུད་ལེགས་བཅོས་འཆར་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་རེད། མིག་སྔར་བོད་ལྗོངས་སུ་རང་ཉིད་ཀྱི་རབ་འབྱམས་པ་དང་འབུམ་རམས་པ་ཡོད་པ་མ་ཟད། རྒྱལ་ཡོངས་སུ་མཚན་སྙན་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་ཀྱང་ཡོད་པ་རེད། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་རིམ་གྱིས་ཚན་རིག་ཞིབ་འཇུག་ཁང་30ཙམ་བཙུགས་པ་དང་ཆེད་ལས་སྣ་ཚོགས་ཀྱི་ལག་རྩལ་མི་སྣ་52000བྱུང་ནས་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་རིག་གཞུང་གྲུབ་འབྲས་ཁག་གཅིག་ཐོབ་ཡོད་པ་རེད།
         མིག་སྔར་བོད་དུ་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ནང་དོན་གཙོ་བོ་ཡིན་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཀྱི་མ་ལག་ཆགས་ཡོད་ཅིང་། ན་ནིང་བར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་ཚད་མི་ཐེངས་ཁྲི་260.6ཟིན་པ་དང་རྒས་དུས་འཚོ་རྟེན་ཡོད་པ་དེ་མངོན་དུ་འགྱུར་བཞིན་ཡོད་པ་རེད།
         སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་བརྟན་ལྷིང་བྱུང་ཞིང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཞིང་། དུས་བབ་གསར་པ་དང་གནས་ཚུལ་གསར་པར་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་མ་ཟད། སྤྱི་ཚོགས་བཅོས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། ཏང་ཨུད་དང་སྲིད་གཞུང་གི་ཚན་ཁག་གཉིས་ཀྱི་ལས་བགོས་འགན་འཁུར་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་བཀོད་འདོམས་ལམ་སྲོལ། དམངས་འཚོ་ལེགས་བཅོས་དང་གྲོང་གསེབ་གསར་གཏོད་དང་དེ་བཞིན་དགོན་སྡེའི་དོ་དམ་ལམ་སྲོལ། དྲ་མིག་ཅན་གྱི་དོ་དམ་ཁྱབ་གདལ་སོགས་ཚུད་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་10སྤྱད་པ་དེ་དག་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་ལྷོད་མེད་བྱེད་དགོས།
         ད་ཆ་བོད་ཀྱི་མི་རིགས་ཁག་དང་རིམ་གྲས་ཁག་གིས་སྤྱི་ཚོགས་བརྟན་ལྷིང་གི་གལ་ཆེའི་རང་བཞིན་ཆེན་པོ་དེ་སྔར་བས་ཚོར་ཐུབ་པར་གྱུར་ཡོད། ལས་ཁུངས་ཀྱི་ལས་བྱེད་པ་དང་ཞིང་འབྲོག་པས་བོད་བརྟན་ལྷིང་ཡོང་བར་བྱེད་པའི་ཀྲུང་དབྱང་གི་དགོངས་དོན་དང་མཛུབ་ཁྲིད་དང་། བོད་རང་སྐྱོང་ལྗོངས་ལ་སྤྱོད་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་སྣ་ཚོགས་ལ་བསམ་ཤེས་དང་ཚོར་སྣང་སྔར་བས་ཟབ་མོ་བྱུང་ཞིང་། ཡོངས་ཁྱབ་ཏུ་བརྟན་ལྷིང་སྲུང་སྐྱོང་དེ་མི་སྒེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ལ། མི་སོ་སོའི་འགན་འཁྲི་ཡང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།